ཀྲང་ཞི་མིང་གིས་མགོ་ལོག་ཏུ་རྟོག་ཞིབ་བྱེད་དུས་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་གཞི་རིམ་དང་མང་ཚོགས་ཁྲོད་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་11པའི་ཚེ་3ཉིན་ནས་ཚེས་6ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མིང་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་གནང་ཞིང་། ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་ཡོང་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ཁྱབ་བསྒྲགས་བྱས།

གཅིག་སྒྲིལ་རྫོང་དྲུག་ཆེན་སུམ་མདོ་གྲོང་བརྡལ་དང་གཅིག་སྒྲིལ་རྫོང་དམངས་སྲོལ་རིག་གནས་བཤམས་སྟོན་ཁང་། དར་ལག་རྫོང་ཏང་ཨུའི་ལས་ཁུངས། མགོ་ལོག་སྲིད་བཙུགས་དྲན་གསོ་ཁང་ངམ་མི་རིགས་མཐུན་སྒྲིལ་སློབ་གསོ་ཁང་། རྨ་ཆེན་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་འཕྲིན་གཏུག་ཁང་བཅས་སུ་ཀྲང་ཞི་མིང་གིས་ཁུལ་དང་རྫོང་གི་འགོ་ཁྲིད་དང་གཞི་རིམ་ལས་བྱེད་པ་ལ་ཁ་བརྡ་བྱས་ནས་བསམ་བློའི་རིག་གནས་དྲིལ་བསྒྲགས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། དར་ལག་རྫོང་སྡེར་ནང་ཞང་དམུ་རི་སྡེ་བའི་དབུལ་ཕོང་ཁྱིམ་ཚང་ཀུན་རྒྱལ་ཚང་ལ་གཟིགས་ཞིབ་གནང་བར་ཕྱིན། རྨ་ཆེན་རྫོང་རྟ་བོ་ཞང་བཅའ་སྡོད་སློབ་གྲྭ་རུ་ཀྲང་ཞི་མིང་གིས་སློབ་གྲྭའི་དགེ་སློབ་ཡོངས་ལ་གཟིགས་ཞིབ་གནང་ཞིང་། སློབ་མ་དག་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ནས་ཁོ་ཚོར་སློབ་སྦྱོང་ལ་འབད་རྩོན་བྱེད་དགོས་པ་དང་བདེ་ཐང་ངང་འཚར་ལོངས་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་བྱེད་དགོས་ལ། ཕ་ཡུལ་སྔར་བས་འབྱོར་ཕྱུག་ལྡན་ཞིང་ཤེས་དཔལ་རྒྱས་ལ་འཆམ་མཐུན་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱ་དགོས་ཞེས་སྐུལ་མ་གནང་། ཀྲང་ཞི་མིང་གིས་ད་དུང་“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་”ཞེས་པའི་བརྗོད་དོན་སློབ་གསོ་དང་། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། གཞི་རིམ་གྱི་འདུ་ཤེས་འཛིན་སྟངས་ཀྱི་བྱ་བར་དམིགས་ནས་དར་ལག་རྫོང་དང་རྨ་ཆེན་རྫོང་གི་རྫོང་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པར་ཏང་གི་ཆེད་དོན་སློབ་ཁྲིད་གནང་།

ཀྲང་ཞི་མིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་སྐྱེད་ཏང་ཡོན་ལས་བྱེད་པས་ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་གཏོང་དགོས་ལ། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་དེ་བརྗོད་དོན་སློབ་གསོ་དང་དམ་དུ་སྦྲེལ་དགོས། སྨྱན་སྦྱོར་གྱིས་དྲིལ་བསྒྲགས་ལ་གཅིག་གྱུར་འཆར་འགོད་དང་གཅིག་བསྡུའི་སྒྲོག་བཤད་རྒྱ་ཆེར་སྤེལ་ནས་ལས་བྱེད་མང་ཚོགས་ཀྱི་མྱོང་བ་དངོས་དང་ཉེ་འགྲམ་གྱི་འགྱུར་ལྡོག་དངོས་སྤྱད་ནས་ཀྲུང་གོ་གསར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར་70འཁོར་བ། མགོ་ལོག་གི་སྲིད་བཙུགས་ནས་ལོ་འཁོར་65འགོར་བའི་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་ཀྱི་ལྟག་རྒྱབ་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་གསོན་ཉམས་ལྡན་ཞིང་མཐོང་ནུས་ཤིང་ཚོར་ནུས་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་གཞི་རིམ་མང་ཚོགས་ཁྲོད་བསྐྱལ་ནས་རྒྱུན་ཆད་མེད་པར་རྒྱ་ཆེ་བའི་ལས་བྱེད་མི་སྣ་ལ་ལམ་ལུགས་ཀྱི་ཡིད་ཆེས་སྩོལ་དགོས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།