མཚོ་སྔོན་ཞིང་ཆེན་གྱིས2019ལོའི“མཚོ་སྔོན་གྱི་དམངས་གཉེར་ཁེ་ལས་སྟོབས་ཆེན50”ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱིད་དྲ་བའི་འཕྲིན། ཉེ་ཆར། 2019ལོའི“མཚོ་སྔོན་གྱི་དམངས་གཉེར་ཁེ་ལས་སྟོབས་ཆེན50”ཡི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། དེའི་ཁྲོད་དུ་ཡོན་ཏུང་རིག་ལྡན་ནུས་རྒྱུ་ཚད་ཡོད་ཀུང་ཟི་དང་། ན་གོར་མོ་ཙིང་གུ་ལུད་རྫས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཆིན་ཧྭ་གཏེར་ལེན་རྡོ་སྣུམ་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཅས་ནི2019ལོའི་མཚོ་སྔོན་གྱི་དམངས་གཉེར་ཁེ་ལས་སྟོབས་ཆེན་50ཡི་མདུན་གྲལ་གྱི་ཨང་རིམ་གསུམ་པ་རུ་གྱུར། 

མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་སྔར་བས་ལེགས་པ་དང་སྔར་བས་གཏན་འཇགས་ཀྱིས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་དང་། ཞིང་ཆེན་ཕྱི་ནང་གི་ལས་རིགས་ཁག་ལ་མཚོ་སྔོན་གྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གཞི་གྲངས་དང་ཞིབ་འཇུག་ཆ་འཕྲིན་མཁོ་འདོན་བྱ་ཆེད། ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་གཞིར་བཟུང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་དང་། ཞིང་ཆེན་རྒྱལ་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བསྡོམས་རྩིས་ཅུའུ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཁེ་ལས་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཁེ་ལས་མཁས་ཅན་མཐུན་ཚོགས་བཅས་ཀྱིས་ཐུན་མོང་གིས་རྩ་འཛུགས་བྱས་ཏེ། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་དང་ཞིང་ཆེན་གསར་འགྱུར་ལས་ཁུངས་དང་འབྲེལ་ཡོད་ཁེ་ལས་ཀྱི་གཞོགས་འདེགས་འོག  ཁེ་ལས་ཀྱིས་རང་མོས་ངང་ཡིག་ཐོག་སྙན་ཞུ་བྱེད་པའི་བྱེད་ཐབས་སྤྱད་དེ2018ལོའི་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ(ཡང་ན་གཙོ་གཉེར་ལས་རིགས་ཡོང་འབབ)ཚད་གཞིར་བྱས་ཏེ2019ལོའི“མཚོ་སྔོན་གྱི་དམངས་གཉེར་ཁེ་ལས་སྟོབས་ཆེན50”ཡི་མིང་ཐོ་བསྒྲིགས་པ་དང་འབྲེལ། འབྲེལ་ཡོད་ཆེད་མཁས་ཨུ་ཡོན་ལྷན་ཚོགས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་གཟིགས་སྐྱོང་སྲིད་ཇུས་བསྟུད་མར་བཏོན་ནས་རོགས་སྐྱོར་བྱེད་ཐབས་སྔར་བས་མང་པོ་ལག་བསྟར་བྱས་ཏེ། དམངས་གཉེར་དཔལ་འབྱོར་དང་ཁེ་ལས་ཆུང་འབྲིང་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱས་ཡོད། མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་དམངས་གཉེར་ཁེ་ལས་འབོར་ཆེན་ཞིག་ཆར་རྗེས་ཀྱི་ཤ་མོ་བཞིན་འཚར་ལོངས་བྱུང་ཡོད། ཁེ་ལས་སྟོབས་ཆེན50ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་མུ་མཐུད་དུ་སྤྱི་ཚོགས་དཔལ་འབྱོར་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུར་སྐུལ་མ་ཐེབས་ཐུབ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།