མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་སོ་གཅིག་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན།   མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་སོ་གཅིག་པ་བསྡུས་ཏེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  ལག་བསྟར་དོན་འཁྱོལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།   རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།   ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཀའོ་ཧྭ་དང་།  ཏང་ཙུའུ་ཁོངས་མི་ཉི་མ་སྒྲོལ་མ།  ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས།   ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཀྲང་ཀོང་རོང་གིས་བསྟན་དོན།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་ཐེངས་དང་པོར་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཀྱི་རྣམ་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།   རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱས་པར་མ་ཟད་ཐག་གཅོད་བྱས་ཏེ། ཏང་གི་སྲིད་འཛིན་གོ་གནས་སྲ་བརྟན་དུ་བཏང་བ་དང་།  ཏང་དང་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་ལ་འགན་སྲུང་བྱེད་པ།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པས།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཚན་རིག་ནང་དོན་གཙོར་བཟུང་ནས་རྒྱུས་ལོན་ཡང་དག་བྱེད་དགོས་པ་དང་།  རང་རྒྱལ་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་གྱི་དགེ་མཚན་བཅུ་གསུམ་དང་།   ལམ་ལུགས་འཛུགས་སྐྲུན་ཀྱི་ལས་འགན་གལ་ཆེན་དང་བྱེད་ཐབས་ལ་རྒྱུས་ལོན་ཡང་དག་བྱེད་པ།   དམངས་ཆེན་བྱ་བའི་རྐང་ཚུགས་ས་ཡང་དག་པར་བཙལ་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་དམངས་ཆེན་གྱི་རིགས་སོ་སོའི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན།  ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་ལམ་ལུགས་ཀྱི་གལ་ཆེན་རང་བཞིན་དང་བྱེད་ནུས་མཐོ་ཚད་གསར་བ་ཞིག་ཏུ་བསྐྱལ་ཡོད་པས།   ཆབ་སྲིད་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ།  ཡིད་རྟོན་བཞི་སྲ་བརྟན་དུ་གཏོང་བ།  སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་ནས་ལམ་ལུགས་ཀྱི་སྟེང་ནས་བྱ་བ་སོ་སོར་སྐུལ་འདེད་གཏོང་དགོས།   འབྲེལ་ཡོད་ལམ་ལུགས་ལ་སློབ་སྦྱོང་བྱེད་པ་དང་ད་ཡོད་ཀྱི་ལམ་ལུགས་ཇེ་ཞིབ་དང་འཐུས་ཚང་དུ་བཏང་སྟེ་ལམ་ལུགས་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།  ཁྲིམས་འཛུགས་དང་ལྟ་སྐུལ།  འཐུས་ཚབ་བྱ་བའི་ཁྲོད་འགན་ནུས་དང་ཟུང་འབྲེལ་དམ་པོ་བྱས་ཏེ་ཚན་རིག་ལྟར་ལས་འགན་སོ་སོ་གཟབ་ནན་གྱིས་ཡོངས་འགྲུབ་བྱེད་དགོས་པ་དང་།   ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལྟར།  སང་ལོའི་གཙོ་གནད་གཅིག་དང་འཆར་གཞི་གཉིས་ལ་འཆར་འགོད་བཟང་བོ་བྱེད་པ་དང་།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་དམངས་ཆེན་བྱ་བའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོའི་ཁྲོད་དུ་ལག་བསྟར་དོན་འཁྱོལ་བྱས་ཏེ་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།