གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་གཅིག་གྱུར་དོ་དམ་མངོན་འགྱུར་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཙང་གསུམ་ཆུ་འགོའི་ཁུལ་ལ་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་ཅེས་སུ་གྲགས་ཤིང་། དེ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ལས་གཞི་གལ་ཆེན་ཞིག་རེད། 2015ལོའི་ཟླ12ཚེས9ཉིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་དགུ་བ་གཙོ་སྐྱོང་གནང་སྟེ། ཀྲུང་གོའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚོགས་འདུའི་ཐོག་བསྟན་དོན། མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་ཁུལ་དུ་དཔེ་མཚོན་དང་ཚབ་མཚོན་གྱི་ས་ཁོངས་བདམས་ནས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱས་ཏེ། གཙང་གསུམ་ཆུ་འགོའི་ཁུལ་གྱི་རང་བྱུང་ཐོན་ཁུངས་གལ་ཆེན་རྒྱལ་ཁབ་ལ་བདག་པ་དང་། དམངས་ཡོངས་ཀྱིས་མཉམ་སྤྱོད། མི་རབས་ནས་མི་རབས་བར་རྒྱུན་འཛིན་བཅས་མངོན་འགྱུར་དང་། རང་བྱུང་ཐོན་ཁུངས་ཀྱི་ཡུན་རིང་བདག་སྐྱོང་དང་ནམ་ཡང་བེད་སྤྱོད་ལ་སྐུལ་མ་གཏོང་བའི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ས་ཁོངས་ཀྱི་ཆ་སྙོམས་ས་བབ་སྨི4500ཡན་ཟིན་ལ། གངས་ཐང་རྒྱ་ཆེ་ཞིང་། གཙང་པོ་དང་། ན་འདམ། མཚོ་མཚེའུ་སོགས་སྐར་ཚོགས་བཞིན་མང་ལ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི12.31ཟིན་པས། འབྲི་སྟོད་དང་། ཆུ་དམར་ལེབ། རྨ་སྟོད། རྫ་སྟོད་བཅས་རྫོང་བཞི་དང་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཁོངས་གཏོགས་ས་ཁོངས་ཀྱི་ཤང་དང་གྲོང་རྡལ12དང་སྲིད་འཛིན་གྲོང་ཚོ53དང་འབྲེལ་ཡོད།

མིག་སྔར། རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས་དང་། ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུས་ནས་ཡུལ་དེ་གའི་མངགས་གཏོང་ཁང་གི“རིམ་གསུམ”ཁྲིམས་འཛིན་སྒྲིག་གཞིའི་མཉམ་འགུལ་སོགས་ཚང་མར་མངའ་ཁོངས་ཁ་གསལ་དང་། དབང་འགན་ཁ་གསལ། ཁྲིམས་འཛིན་ནན་པོ། ལྟ་འདོམས་ནུས་ལྡན་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དོ་དམ་གྱི་སྒྲིག་སྲོལ་གསར་བ་ཁྱོན་ཡོངས་ནས་བཙུགས་པའི་ཁར། གོང་འོག་ཕན་ཚུན་མཉམ་ལས་ཀྱི་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་སྲོལ་ཟམ་མི་ཆད་པར་ནན་དུ་སོང་ཡོད། 2019ལོའི་ལོ་སྟོད་བར། ཆེད་དོན་གྱི་བྱ་སྤྱོད་སྣ་ཚོགས་ཐེངས17སྤེལ་བ་དང་། ས་ཁོངས་ཡོངས་སུ་གཅིག་སྡུད་སྐོར་སྲུང་ཐེངས20ལྷག་བྱས་ལ། ཁྲིམས་འགལ་ཉེས་གསོག་གྱོད་གཞི200ལྷག་ཙམ་ལ་ཞིབ་བཤེར་ཐག་གཅོད་བཅས་བྱས།

གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་ལ་འཕེལ་རྒྱས་བྱུང་ནས། མིག་སྔར་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་གྱི་ལས་འགན་གཞི་རྩའི་སྟེང་ལེགས་གྲུབ་ཟིན་པ་དང་། 2020ལོར་སླེབས་སྐབས་དངོས་སུ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་གཞི་རྩའི་ཆ་རྐྱེན་དག་འཛོམས་རྒྱུ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།