ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱིས་རྫ་སྟོད་ལ“ཀྲུང་གོའི་བོད་རིགས་ལ་གཞས་ཀྱི་ཕ་ས”ཞེས་པའི་མཚན་སྙན་བསྩལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ལ“ཀྲུང་གོའི་བོད་རིགས་ལ་གཞས་ཀྱི་ཕ་ས”ཞེས་པའི་མཚན་སྙན་དངོས་སུ་བསྩལ་བ་རེད། ཐེངས་འདིའི་མཚན་སྙན་བསྩལ་པ་དེས་རྫ་སྟོད་དང་རིག་གནས་སྡེ་ཁག་གིས་ལ་གཞས་རིག་གནས་ལ་སྲུང་སྐྱོབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རྫ་སྟོད་ཀྱི་བོད་རིགས་ལ་གཞས་རྒྱུན་འཛིན་དང་དར་སྤེལ་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ཡོད་པ་རེད།

རྫ་སྟོད་རྫོང་ནི་རྫ་ཆུའི་འགོ་ཁུངས་སུ་གནས་པའི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་ལ། དེར་ཐུན་མོང་མ་ཡིན་པའི་རང་བྱུང་ས་དབྱིབས་དང་མི་ཆོས་ཀྱི་ཁོར་ཡུག་ལྡན་ཞིང་། བོད་རིགས་ཀྱི་ལ་གཞས་ཀྱི་དབྱངས་རྟ་ཕུན་སུམ་ཚོགས་ཤིང་གཞས་པ་མང་པོ་ཡོད་པའི་གནས་ཤིག་ཡིན། ས་གནས་དེ་གའི་ཕུན་སུམ་ཚོགས་པའི་བོད་རིགས་ཀྱི་ལ་གཞས་ཐོན་ཁུངས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ཀྱི་བང་མཛོད་གྲུབ་པ་དང་། ནང་དོན་ཡང་སྤྱི་ཚོགས་འཚོ་བའི་ཕྱོགས་ཡོངས་ལ་འབྲེལ་བ་ཡོད་པས་དམངས་ཁྲོད་རིག་གནས་ཀྱི་ཤེས་བྱ་ཀུན་ཁྱབ་ཞེས་བརྗོད་ཆོག ཤེས་རྟོགས་བྱུང་བ་ལྟར་ན། དམངས་ཁྲོད་དུ་དར་བའི་བོད་ཀྱི་ལ་གཞས་ལ་དབྱངས་རྟ་སྣ200ལྷག་ལ་ཉེ་བ་ཡོད་པ་དང་། དེའི་ཁྲོད་བོད་ཁུལ་སྤྱི་ཡོངས་སུ་དར་ཁྱབ་ཆེ་བའི་དགེ་རྒྱལ་ས་གསུམ་གྲགས་དང་འབྲོང་པའི་མ་མོ་འབབ་རྒྱུག་གི་དབྱངས་རྟ་གཉིས་ནི་ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ཁྲོད་དུ་ཚུད་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་རྫ་སྟོད་རྫོང་གིས་བོད་རིགས་ཀྱི་ལ་གཞས་རྒྱུན་འཛིན་དང་དར་སྤེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དམངས་ཁྲོད་ཀྱི་ལ་གཞས་སྔོག་འདོན་དང་། འཚོལ་བསྡུ། ལེགས་སྒྲིག་བཅས་ཀྱི་བྱ་བར་ཧུར་ཐག་བྱས་པ་དང་། ལ་གཞས་མཐུན་ཚོགས་བཙུགས་ནས་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་གཏན་འཁེལ་བྱས་ཏེ། ལ་གཞས་སློབ་གྲྭ་ཁག་ཏུ་ཁྱབ་གདལ་དུ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད། དམངས་ཁྲོད་དུ་འཚོ་སྡོད་བྱེད་པའི་བོད་རིགས་ཀྱི་ལ་གཞས་ཀྱིས“ཀྲུང་གོའི་བོད་རིགས་ལ་གཞས་ཀྱི་ཕ་ས”ཞེས་པའི་རིག་གནས་ཀྱི་རང་རྟོན་གང་ལེགས་མངོན་ཡོད་ལ། རྫ་སྟོད་རྫོང་གི་རིག་གནས་ཀྱི་མཉེན་ཤུགས་གང་ལེགས་ཡོད་པ་ཡང་མངོན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།