མཚོ་ནུབ་ཁུལ་གྱིས་ཁྱད་ལྡན་ཐོན་རྫས་ཀྱི་ཁྲོམ་རའི་ཐོབ་ཆ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱད་ལྡན་དཔལ་འབྱོར་དང་སྤུས་ལྡན་ཐོན་ལས་སྐྱེད་སྲིང་བྱ་རྒྱུར་ཧུར་ཐག་གིས་ཁྲིད་སྟོན་བྱས་ཏེ། ཐོན་རྫས་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་རྒྱུན་མཐུད་ངང་གསར་འབྱེད་ཀྱིས་དྲ་ཐོག་དང་ཡུལ་དངོས་གང་རུང་ནས་ཐུན་མོང་ཐོག་ཤུགས་སྣོན་བརྒྱབ་པས་མཚོ་ནུབ་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཀྱི་ཁྲོམ་རའི་ཐོབ་ཆ་རྒྱུན་ཆད་མེད་པར་ཆེ་རུ་བཏང་།

དྲ་ཐོག་ཚོང་དོན་གྱི་མྱུར་བགྲོད་མེ་འཁོར་ལ་བསྡད་དེ་ཨ་ལིས་པཱ་པཱ་སྡེ་ཚོགས་དང་གན་རྒྱ་འཇོག་པ་ལེགས་འགྲུབ་བྱུང་། ཁུལ་ཡོངས་ཀྱི་ཁེ་ལས་དང་། ཞིང་ལས་མཉམ་ལས་ཁང་། འདེབས་འཛུགས་དུད་ཁྱིམ་གྱིས་ཐའོ་པའོ་དང་ཐེན་མའོ་ཁྲོམ་ར། ཅིན་ཏོང་ཁྲོམ་ར་སོགས་ཀྱི་ཕྱོགས་གསུམ་པའི་དྲ་ཚོང་སྤྱི་སྟེགས་སྒོ་འབྱེད་པའི་ཚོང་ཁང600ལྷག་ལ་སླེབས་ཡོད་ལ། ལུགས་ཤ་དང་སྐམ་ཤ ལི་གྲོ། གཏེར་ཆུ། འཕང་འབྲས་སོགས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་བྱས། 

དྲ་ཐོག་སྐུད་ལམ་ནས་ཕྱིར་འཚོང་བྱེད་པའི་ལམ་ཕྱོགས་གསར་པ་ཤར་གཏོང་ཐུབ་པ་བྱས། ཚྭ་འདམ་གཞུང་དྲ་ཚོང་ལྗངས་མདོག་རྟེན་གཞིར་བརྟེན་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་སོ་སོ་རུ་ཚྭ་འདམ་གཞུང་དྲ་ཚོང་སྐུད་ལམ་ཚོད་ཞིབ་ཚོང་ཁང་བཙུགས་ནས་མཚོ་ནུབ་ཁུལ་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་སྔར་བས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་རེད། མིག་སྔར་ཚོད་ཞིབ་ཚོང་ཁང44བཙུགས་ཟིན་ནས་ཀོང་ཏུང་དང་། ཀྲེ་ཅང་། ཧྲའན་ཤིས་སོགས་ཞིང་ཆེན14ལ་ཁྱབ་ཡོད། མཚོ་ནུབ་ཀྱི་ཐོན་རྫས་སྣ་ཁ200ལྷག་ཙམ་མཚོ་སྔོན་ནས་རྒྱལ་ཡོངས་ཀྱི་ཁྲོམ་རའི་ཐོག་བསྐྱོད་ཡོད་པ་རེད།

སྒོ་འབྱེད་རྒྱ་ཆེར་བཏང་བ། ཁུལ་ནང་ཁུལ་གྱི་ཁྱད་ལྡན་ཐོན་སྐྱེད་དང་ལས་སྣོན་ཁེ་ལས་སྒྲིག་འཛུགས་བྱས་ཏེ་འཇར་མན་ཉིའུ་ལུན་པའོ་བཟའ་བཅའི་འགྲེམས་སྟོན་དང་། ཨུ་རུ་སུའི་མོ་སི་ཁོའི་བཟའ་བཅའི་འགྲེམས་སྟོན། ཧྲང་ཧའེ་སྐྱེ་ལྡན་བཟའ་བཅའི་འགྲེམས་སྟོན་སོགས་རྒྱལ་ཁབ་ཕྱི་ནང་གི་རྒྱལ་སྤྱིའི་རང་བཞིན་གྱི་འགྲེམས་ཚོགས་ནང་ཞུགས་ནས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་བ་རེད། མིག་སྔར་ཁུལ་ཡོངས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཁེ་ལས14ཡོད་པ་དང་། ཕྱིར་གཏོང་ཐོན་རྫས་ལ་འཕང་འབྲས་དང་། ལི་གྲོ། གཏེར་ཆུ་བཅས་ཡིན་པ་དང་། གཙོ་བོ་ཨེ་ཤེ་ཡ་ཤར་ལྷོ་དང་ཡོ་རོབ་གླིང་དུ་ཕྱིར་འཚོང་བྱེད་བཞིན་ཡོད་པ་མ་ཟད། ཚྭ་འདམ་གཞུང་གིས་འཕང་འབྲས་ཕྱིར་འཚོང་བྱེད་པ་རྒྱལ་ཡོངས་ཀྱི་བརྒྱ་ཆའི90ཡན་ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།