མཚོ་སྔོན་གྱིས་བོད་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་བོད་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་རྒྱུན་མཐུད་སྐུལ་འདེདབཏང་བ་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་བཏང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་བོད་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་འཛུགས་པ་དང་། “བོད་རྒྱ་ཡིག་སྒྱུར་འཛིན་གྲྭ”གཉེར་བ། བོད་རིག་པ་སློབ་གླིང་འཛུགས་པ་སོགས་ཀྱི་ལས་དོན་སྤེལ་བ་རེད། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་མིག་སྔར་ཀྲུང་གོའི་ལོ་རྒྱུས་ཀྱི་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་ས་ཚིགས་ཀྱི་བོད་རིགས་རིག་གནས་ཁ་ཕྱོགས་ཀྱི་འབུམ་རམས་པའི་ཡོན་ཚད་སྤྲོད་པའི་ས་ཚིགས་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག(བོད་ཡིག)སོགས་སློབ་གསོའི་རབ་འབྱམས་པའི་ཁ་ཕྱོགས་7 བོད་རྒྱ་སྐད་གཉིས་ཀྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས་6 བོད་སྐད་ཡིག་རྩོམ་རིག་གི་རྒྱལ་ཁབ་ཀྱི་ཕུལ་བྱུང་ཚན་ཞིབ་གསར་གཏོད་ཚོགས་པ་བཅས་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། མཚོ་སྔོན་ཞིང་ཨུད་ཏང་གི་སློབ་གྲྭ་བཅས་ཀྱིས་མཉམ་དུ“མཚོ་སྔོན་བོད་རིག་པ་ཞིབ་འཇུག་ལྟེ་གནས”བཙུགས་པ་དང་། མཚོ་སྔོན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞིགས་ནས་མི་རིགས་ཆོས་ལུགས་ལས་དོན་དང་། སྤྱི་ཚོགས་བཅོས་སྐྱོང་། སྣོད་བཅུད་སྲུང་སྐྱོང་། སྤྱི་ཡོངས་དབུལ་སྒྲོལ་སོགས་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་གྱི་ཁ་གཏད་ཇུས་གཞི་ཞིབ་འཇུག་བྱས་ཡོད་པ་རེད།

མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་སློབ་གཉེར་གྱི་རིམ་པ་དང་རིག་ཚན་ཆེད་ལས་ཀྱི་གྲུབ་ཆའི་ཐད་དང་། ད་དུང་སློབ་ཚན་གྱི་མ་ལག་སྐྲུན་པ་དང་སློབ་ཁྲིད་བྱེད་སྟངས་གསར་གཏོད་སོགས་ཀྱིས་ཐད་ཀྱང་དངོས་གཞིའི་ཚན་ཁག་དང་། རབ་འབྱམས་པ། འབུམ་རམས་པ་བཅས་ཀྱི་རིམ་པ་ཚང་བའི་བོད་རིགས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་མ་ལག་ཆགས་ནས་རྒྱལ་ཁབ་ཕྱི་ནང་གི་མཐོ་སློབ་དང་ཞིབ་འཇུག་སྒྲིག་གཞིར་ཤུགས་རྐྱེན་ཐེབས་ཤུགས་ངེས་ཅན་ལྡན་ཡོད་པ་རེད།

དེ་དང་ཆབས་ཅིག མཚོ་སྔོན་གྱིས་བོད་རིགས་ས་ཁུལ་ལ་ཕྱོགས་ནས་གཞི་རིམ་ལ་ཞབས་འདེགས་ཞུས་ཏེ“རྒྱ་བོད་སྐད་གཉིས་ཤེས་པ་དང་། གཞི་རིམ་དུ་སྐྱོད་ཐུབ་པ། གཞི་རིམ་དུ་སྡོད་ཐུབ་པ། ལས་ཀ་ཡག་པོ་བྱེད་ཐུབ་པ། བློས་འགེལ་ཆོག་པ། ངར་ཤུགས་ལྡན་པ”བཅས་ཀྱི་བོད་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དམིགས་ཚད་དུ་བཟུང་ནས་མཚོ་སྔོན་དང་ཞིང་ལྗོངས་ལྔའི་བོད་རིགས་ས་ཁུལ་དུ་ཤེས་ལྡན་མི་སྣ་སྣ་ཚོགས་གསོ་སྐྱོང་བྱས་ཡོད་པ་རེད། མཚོ་སྔོན་མི་རིགས་སློབ་ཆེན་བཙུགས་ཚུན། བོད་ཡིག་ཆེད་ལས་དང་བོད་རིག་པའི་ཁ་ཕྱོགས་ཀྱི་དངོས་གཞིའི་སློབ་མ་20000ལྷག་ཙམ་དང་། རབ་འབྱམས་ཞིབ་འཇུག་སློབ་མ་300ལྷག་ཙམ། འབུམ་རམས་ཞིབ་འཇུག་སློབ་མ་42བཅས་གསོ་སྐྱོང་བྱས་ཡོད་པ་དང་། སློབ་མ་500ལྷག་ཙམ་སློབ་གྲྭ་ཐོན་རྗེས་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་སོགས་ཞིབ་འཇུག་སྡེ་ཚན་དང་མཐོ་རིམ་སློབ་གླིང་དང་སློབ་གྲྭར་ལས་ཀ་བྱས་པ་དང་ཆབས་ཅིག་ལས་སྒོའི་རྐང་འཛིན་པར་གྱུར་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།