མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་སྒྲོག་དང་དེར་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། སྲིད་གཞུང་གིས་མ་ལག་དང་ལྡན་པའི་སྒོ་ནས་དངོས་འབེབས་མཐར་ཕྱིན་བྱེད་པར་བཀོད་སྒྲིག་གང་ལེགས་བྱས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིག་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས། 

གྲོས་ཚོགས་ལས་བསྟན་དོན། མཇུག་བསྡུས་མ་ཐག་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་རྒྱུ་སྐུལ་འདེད་གཏོང་བའི་གནད་དོན་ལ་ཆེད་དོན་ཞིབ་འཇུག་བྱས་པ་དེས། ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཡུན་སྐྱོང་བདེ་འགོད་ལ་འགན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་དང་ཁ་ཕྱོགས་ཀྱི་མཛུབ་སྟོན་མཁོ་འདོན་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་གཏན་འབེབས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་རྒྱུ་སྐུལ་འདེད་གཏོང་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག་གཏན་འབེབས་བྱས་པའི་གོམ་སྟབས་གསུམ་གྱི་དམིགས་འབེན་གྱིས་རང་རེའི་ཏང་གིས་རྒྱལ་ཁབ་བཅོས་སྐྱོང་གི་གནད་དོན་ལ་བསམ་གཞིགས་གཏིང་ཟབ་བྱས་པ་མཚོན་ཡོད་པ་དང་། གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ལངས་ཏེ། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབས་ཐུབ་པ་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གཞིར་བཟུང་ནས། སྲིད་གཞུང་གི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་ཟེར།

 གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེ་ཏང་ཨུས་བཀོད་སྒྲིག་བླང་བྱ་གཞིར་འཛིན་པ། སྲིད་གཞུང་ལས་དོན་གྱི་དོན་དངོས་ལ་གཞིགས་ནས་སྲིད་གཞུང་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ལས་དོན་ཁག་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། སྲིད་གཞུང་གི་འགན་ནུས་སྒྱུར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་བ་རྒྱུན་འཁྱོངས་ལྷོད་མེད་བཅས་བྱས་མཐར། ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་བསྒྱུར་དགོས་ཟེར། 

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ནས། འགན་འཁྲི་སྔར་ལས་ཇེ་ནན་དུ་གཏོང་བ་དང་། སང་ལོའི་བྱ་བར་ཞིབ་འཇུག་དང་ཇུས་འགོད་བྱས་ནས། ལས་ཀའི་དམིགས་སའི་རང་བཞིན་དང་རྒྱང་ལྟའི་རང་བཞིན། སྔོན་མཐོང་རང་བཞིན་བཅས་ཆེ་རུ་གཏོང་དགོས། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ལས་དོན་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། སྲིད་གཞུང་ཁོངས་གཏོགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཟེར། 

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ཝང་ལིས་མེན་དང་དབྱང་ཧྥིན་ཁྲོན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཀྲང་ཧུང་ཡོན་བཅས་ཚོགས་འདུར་ཞུགས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟུར་ཞུགས་བྱས།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།