ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་མཚོ་སྔོན་མི་རིགས་རང་སྐྱོང་ས་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་པེ་ཅིན་ནས་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་གཉིས་ཀྱིས་འགན་ཁུར་ནས་སྒྲུབ་པའི་མཛེས་སྡུག་ཀྲུང་གོ་འཆམ་མཐུན་ཁྱིམ་གཞིའི་མུ་འབྲེལ་འགྲེམ་སྟོན་གྱི་རབ་མཛེས་མཚོ་སྔོན་སྟེ་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་མཚོ་སྔོན་མི་རིགས་རང་སྐྱོང་ས་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་ཚེས་དགུ་ཉིན་བར་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་འགྲེམ་སྟོན་ཁང་དུ་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། དེའི་དམིགས་འབེན་ནི་ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ། གསར་འབྱེད་གསར་གཏོད། དཀའ་ངལ་ཁྱད་སེལ་བྱས་པའི་འབད་འཐབ་ལོ་རྒྱུས་དང་། མཚོ་སྔོན་མི་རིགས་རང་སྐྱོང་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་བཟང་བོ་དང་མ་འོངས་འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་བོ་ཁྱོན་ཡོངས་ནས་འགྲེམ་སྟོན་བྱེད་རྒྱུ་དེ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གྲུབ་འབྲས་འགྲེམ་སྟོན་ཁང་དེ་ཐོག་མའི་འགྲེམ་སྟོན་ཚོམས་ཁང་དང་ཀྲུང་དབྱང་ཚོམས་ཆེན། ཤར་ནུབ་ཚོམས་ཁང་བཅས་ཀྱིས་གྲུབ་པ་དང་། བསྡོམས་པས་རྨིད་གྲུ་བཞི་མ་སྟོང་གཉིས་དང་བདུན་བརྒྱ་དྲུག་ཅུ་ཡོད། འགྲེམ་སྟོན་ཐད་ནས་ཕྱོསག་བསྡུས་འགྲེམ་སྟོན་དང་གྲོང་ཁྱེར། ཁུལ་གྱི་འགྲེམ་སྟོན་ཟུང་འབྲེལ་བྱས་པའི་རྣམ་པ་སྤྱད་དེ་འགྲེམ་སྟོན་བྱེད་རྒྱུ་རེད། སྐབས་དེར། གྲོང་ཁྱེར་དང་ཁུལ་སོ་སོས་ད་དུང་བརྗོད་དོན་ཉིན་མོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། དེའི་ཁྲོད་རིག་རྩལ་འཁྲབ་སྟོན་དང་ཐོན་རྫས་ངོ་སྤྲོད་སོགས་འདུ།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ཐད་ནས་མཚོན་བྱེད་རང་བཞིན་ལྡན་པའི་པར་རིས་དང་དངོས་རྫས་སོགས་ཀྱི་འགྲེམ་སྟོན་བརྒྱུད་དེ། མཚོ་སྔོན་གྱི་སྣ་མང་མི་རིགས་རིག་གནས་དང་ཁྱད་ཆོས་ལྡན་པའི་ཐོན་སྐྱེད་རྣམ་པ། ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དང་རང་བྱུང་མཛེས་ལྗོངས་ཁྱོན་ཡོངས་ནས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་མ་ཟད། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན། རིག་གནས་གནས་སྐོར། སྐྱེ་ལྡན་ཞིང་ཕྱུགས་ལས། ཁྱད་ལྡན་ཐོན་ལས། དབུལ་སྐྱོར་མཁྲེགས་གཏོར་བྱ་བ་བཅས་ཐད་ནས་བླངས་པའི་གྲུབ་འབྲས་ཁྱོན་ཡོངས་ནས་འགྲེམ་སྟོན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།