ཏུའུ་ཅེ་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་རུ་གཟིགས་ཞིབ་ཏུ་ཕེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁག་གཅིག་གི་སྣེ་ཁྲིད་དེ་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་རུ་ཕེབས་ནས། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཞབས་ཞུ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འགན་ལེན་སོགས་ཀྱི་གནས་ཚུལ་ལ་ཆེད་དོན་གཟིགས་ཞིབ་གནང་བ་རེད། ཨུ་ཡོན་ཚོས་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་འགན་འཁུར་བློ་མཐུན་གྱི་བྱ་བའི་སྙན་ཞུ་ལ་གསན་ཞིང་། ཡུལ་དངོས་སུ་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་དང་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་སོགས་ཀྱི་སྡེ་ཁག་ལ་གཟིགས་པ་དང་འབྲེལ། གནམ་གཤིས་ལས་དོན་གྱི་དེང་རབས་ཅན་འཛུགས་སྐྲུན་སོགས་ལ་ཞིབ་ཕྲའི་རྒྱུས་ལོན་དང་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་བ་རེད། 

ཏུའུ་ཅེས་ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་འགོ་ཁྲིད་འོག མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོབ་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། གནམ་གཤིས་ལས་དོན་དེ་རྒྱལ་ཇུས་དམངས་འཚོ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་བཞིན་ཡོད། གནམ་གཤིས་ཀྱི་གེགས་སེལ་སྔོན་འགོག་དང་སྤྱི་པའི་ཞབས་ཞུའི་ནུས་པ་དང་། དེ་བཞིན་སྐྱེ་ཁམས་གནམ་གཤིས་འགན་ལེན་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་ཆུ་ཚད་དེ་བས་ལེགས་པའི་གནམ་གཤིས་ལས་དོན་དེང་རབས་ཅན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། དོན་དངོས་ལ་གཞི་ཚུགས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་། རྒྱལ་ཁབ་དང་དེ་བཞིན་ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་རྒྱབ་སྐྱོར་བྱེད་དགོས། སྡེ་ཚན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གྲངས་གཞིའི་མཛོད་བཙུགས་ཏེ་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱས་ནས་གཅིག་སྡུད་སྟོབས་ཤུགས་ཤིག་ཆགས་པ་བྱེད་དགོས། རང་ཞིང་ནི་རྨ་ཆུ་བཞུར་ཁུལ་གནས་ཤིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ལས་གྲྭ་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་ཞབས་འདེགས་ཞུ་དགོས་ཞེས་གསུངས་པ་མ་ཟད། ཏང་འཛུགས་སྐྱོང་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ལ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གནམ་གཤིས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐབས་མང་མཉམ་སྤྱོད་ཀྱིས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། གནམ་གཤིས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།