དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱི་ཡུལ་སྐོར་ལས་རིགས་ཀྱི་འཕར་ཚད་མངོན་གསལ་དོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་མྱུར་ཚད་མངོན་གསལ་དོད་པ་དང་། ཞིང་ཆེན་དེ་ཡོངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་གཉིས་ཀ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་ཚད་གཞི་མི་འདྲ་བའི་སྒོ་ནས་འཕར་ཡོད་པ་རེད།

གྲངས་གཞིའི་ལས་མངོན་གསལ། དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4459.5ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་18.7%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་497.3ཟིན་པ་དེ་དུས་མཚུངས་ལས་18.0%འཕར་བ་རེད། དེའི་ནང་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4452.8ལ་སྣེ་ལེན་ཞུས་ནས་དུས་མཚུངས་ལས་18.7%འཕར་བ་དང་། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་494.96ཟིན་ནས་དུས་མཚུངས་ལས་18.0%འཕར་བ་རེད། ས་ཁོངས་ནང་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་6.68ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་4.6%འཕར་ཞིང་། ཡུལ་སྐོར་ཕྱི་དངུལ་ཡོང་འབབ་ཨ་སྒོར་ཁྲི་3488.2ཟིན་པ་དེ་དུས་མཚུངས་ལས་1.7%ཆག་པ་རེད།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་འབྲེལ་ཡོད་ལས་དོན་མི་སྣས“ཚུགས་ཐུབ་པ་དང་སྐད་གྲགས་ཆོད་པའི”མཚོ་སྔོན་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ཁག་གཅིག་གཏོད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། སྣོད་བཅུད་ཡུལ་སྐོར་གྱི་ཐོན་ཁུངས་ལུགས་མཐུན་དང་འོས་འཚམ་སྒོས་གསར་སྤེལ་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྣོད་བཅུད་ཡུལ་སྐོར་ཐོན་རྫས་ཁག་གཅིག་ཧུར་ཐག་བཏོད་ནས་གཙང་གསུམ་ཆུ་འགོ་དང་། མདོ་ལ་རིང་མོ། མཚོ་སྔོན་པོ་སོགས་ཁྱད་ལྡན་སྣོད་བཅུད་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་བཏང་ཡོད། ཏ་ཐུང་རྫོང་སྤེན་མ་ལུང་གྲོང་ཚོ་དང་། སྐུ་འབུམ་རྫོང་ཁ་གཡང་གྲོང་ཚོ། དགོན་ལུང་རྫོང་ཡིའུ་ཙུའེ་ཝན། གཅན་ཚ་རྫོང་བདེ་ཆེན་གྲོང་ཚོ། ཁྲི་ཀ་རྫོང་སུམ་པ་གྲོང་ཚོ། གྲོ་ཚང་རྫོང་མའོ་ཀྲའེ་གྲོང་ཚོ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་གྱི་ལས་རྣམ་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། ཐེན་ཡོན་ཏེ་ནས་ཆང་དང་། ཚ་རྔ་འགག་ཆུ་གློག་ས་ཚིགས་སོགས་བཟོ་ལས་ཁེ་ལས་དང་བཟོ་ལས་ཡུལ་སྐོར་ལའང་ཚད་བརྒལ་གསར་པ་བྱུང་བ་མ་ཟད། “མཚོ་སྔོན་མཁའ་ལམ་ཡུལ་སྐོར་ལམ་ཐིག”དང“ཐང་བོད་གནའ་ལམ་ཡུལ་སྐོར་ལམ་ཐིག”སོགས་ལམ་ཐིག་ཆེན་པོ་བདུན་རིམ་བཞིན་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་སྤུས་རྟགས་ལམ་ཐིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

“གཙང་གསུམ་ཆུ་འགོར”ཆགས་པའི་མཚོ་སྔོན་ཞིང་ཆེན་ལ་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་དུ་རང་བྱུང་སྲུང་སྐྱོང་ཁུལ་དང་། མཛེས་ལྗོངས་གྲགས་ཅན་ཁུལ། ནགས་ཚལ་སྤྱི་གླིང་། འདམ་རའི་སྤྱི་གླིང་། ས་གཤིས་སྤྱི་གླིང་སོགས་གཞི་རྟེན་དུ་བྱེད་པའི་རིགས་མང་བའི་སྣོད་བཅུད་ཡུལ་སྐོར་དམིགས་སའི་མ་ལག་རིམ་བཞིན་ཆགས་པ་དང་། དེ་ཙམ་མ་ཟད། གྲོང་གསེབ་ཡུལ་སྐོར་དང་། སྣོད་བཅུད་ཡུལ་སྐོར། བཟོ་ལས་ཡུལ་སྐོར་བཅས་ཀྱང་རིམ་བཞིན་མཚོ་སྔོན་ཡུལ་སྐོར་གྱི་ཁྱད་ཆོས་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།