མཚོ་སྔོན་ཞིང་ཆེན་གྱིས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་རྒྱུའི་གྲ་སྒྲིག་གང་ལེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ2019ལོའི་ཟླ11པའི་ཚེས5ནས10ཉིན་བར་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས(ཧྲང་ཧའེ)སུ་གཉེར་རྒྱུ་ཡིན་པ་རེད། མཚོ་སྔོན་ཞིང་ཆེན་གྱིས་གྲ་སྒྲིག་གང་ལེགས་བྱས་ནས་ལས་ཀའི་ལམ་སྲོལ་དང་རྩ་འཛུགས་ཀྱི་སྒྲོམ་གཞི་བཙུགས་ཏེ་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་ལས་ཀའི་བླང་བྱ་དོན་འཁྱོལ་དང་ནན་ཏན་གྱིས་བརྟག་ཞིབ་དང་ལེ་ལག་ཚང་བའི་བྱེད་སྒོ་སྤེལ་ནས། ཉོ་སྒྲུབ་ཚོང་པས་མིང་ཐོ་འགོད་པའི་ལས་དོན་ལེགས་གྲུབ་བྱས་པ་རེད། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་མཚོ་སྔོན་ཉོ་ཚོང་ཚོགས་པས་བསྡོམས་པས་ཉོ་སྒྲུབ་ཚོང་བ300ཙམ་གྱིས་ཐོ་འགོད་བྱས་པ་དང་མི500ལྷག་ཙམ་ཧྲང་ཧའེ་རུ་བསྐྱོད་ནས་འགྲེམ་སྟོན་ལ་ཞུགས་རྒྱུ་རེད། 

ཐེངས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་མཚོ་སྔོན་ཉོ་ཚོང་ཚོགས་པར་དམངས་གཉེར་ཁེ་ལས་བཅུ་ཆའི་བདུན་ཞུགས་ཡོད་པ་རེད། ཞིང་ཆེན་ཚོང་དོན་ཐིང་གིས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་འཛམ་གླིང་རིམ་པའི་སྒོ་དབྱེ་རྣམ་པའི་མཉམ་ལས་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ནས་རང་ཞིང་གི་ཉོ་ཚོང་ཚོགས་པའི་ལེ་ལག་ཚང་བའི་བྱེད་སྒོ་སྤེལ་ཏེ་རང་ཞིང་གི་ཁེ་ལས་འགྲེམས་སྟོན་ནང་ཞུགས་པའི་དམིགས་སའི་རང་བཞིན་ཆེ་རུ་བཏང་ཡོད། མཚོ་སྔོན་ཞིང་ཆེན་གྱིས་གཙོ་གནད་མངོན་གསལ་དོད་པ་དང་ལས་རིགས་མཛུབ་ཁྲིད་ཀྱི་རྩ་དོན་གཞིར་བཟུང་ཚོང་དོན་དང་། སློབ་གསོ། ཚན་རྩལ། བཟོ་ལས། ཞིང་འབྲོག འཕྲོད་བསྟེན་བཅས་ཉོ་ཚོང་ཡན་ལག་ཚོགས་པ་དྲུག་བཙུགས་ནས། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་སྣེ་ཁྲིད་དེ་ཁག་བགོས་ནས་འགན་འཁྲི་ཞིབ་ཚགས་སུ་གཏོང་བ་དང་མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་མཚོ་སྔོན་ཞིང་ཆེན་གྱི་ཉོ་སྒྲུབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱས་པ་རེད། 

ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་རྒྱལ་ཁབ61འགྲེམས་སྟོན་ནང་ཞུགས་པ་ཡོད་པ་དང་། ཧྥ་རན་སེ་དང་དབྱི་ཐ་ལི་སོགས་རྒྱལ་ཁབ15ཡིས་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་གཏན་འཁེལ་བྱས་པ་རེད། ཕྱི་རྒྱལ་གྱི་ཁེ་ལས་སྟོང་ཕྲག་ཁ་ཤས་མིང་ཐོ་འགོད་པའི་ནང་ཞུགས་ཡོད་པ་དང་། དེའི་ནང་འཛམ་གླིང་གི་ཁེ་ལས་སྟོབས་ཆེན500ཡི་ཁེ་ལས་སྐོར་ཅིག་དང་སྣེ་འདྲེན་ཁེ་ལས་མང་པོ་ཚུད་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།