མཚོ་སྔོན་གྱིས་རིག་གནས་དམངས་ཕན་གཱ་ཡི་ཚོད་ལྟའི་རྣམ་གྲངས་སྤེལ་འགོ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་མིའི་རིག་གནས་འཛད་སྤྱོད་ཀྱི་ཆུ་ཚད་སྔར་བས་གོང་མཐོར་གཏོང་བ་དང་སྒྱུ་རྩལ་ཁང་དང་ཚོགས་པའི་འཁྲབ་སྟོན་དང་གསར་རྩོམ་གྱི་སྤྲོ་སེམས་འཕེལ་བར་བྱ་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་རིག་གནས་དམངས་ཕན་གཱ་ཟི་ལིང་གི་ཚོད་ལྟའི་རྣམ་གྲངས་སྤེལ་འགོ་བཙུགས་པ་དང་གཱ་སྤྲོད་པའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་དུ་འཚོགས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རིག་གནས་དམངས་ཕན་གཱ་སྤྲོད་རྒྱུ་དེ་སྔོན་ལ་ཟི་ལིང་གྲོང་ཁྱེར་གྱི་རྒྱུན་སྡོད་ཡུལ་མིར་ཁ་ཕྱོགས་པ་མ་ཟད། རང་མིང་འགོད་པའི་ལམ་ལུགས་ཀྱི་ཚོགས་པའི་གཱ་ཁྲི་5སྤྲད་པར་ཆེད་དོན་མ་དངུལ་སྒོར་ཁྲི2000བཏང་ཡོད་པ་རེད།

རིག་གནས་དམངས་ཕན་གཱ་དེ་ནོར་སྲིད་དང་གཱ་འཁྱེར་མཁན་གྱི4:1གི་བསྡུར་ཚད་གཞིར་བཟུང་། ནོར་སྲིད་ཀྱིས་ཁ་གསབ་སྒོར400སྤྲོད་རྒྱུ་རེད། གཱ་འཁྱེར་མཁན་གྱིས་མི་སྒེར་གྱི་ཐོབ་ཐང་ལག་ཁྱེར་ལ་གཞིགས་ནས་ཡུལ་དངོས་སུ་སྒོར100སྤྲད་ཚེ་རིན་ཐང་སྒོར་500ཟིན་པའི་རིག་གནས་དམངས་ཕན་གཱ་ཉོ་རྒྱུ་ཡོད་པ་དང་མི་རེས་གཱ་གཅིག་ལས་ཉོ་ཆོག་གི་མེད། རིག་གནས་དམངས་ཕན་གཱ་དེས་ཞིང་ཆེན་དང་གྲོང་ཁྱེར་གྱི་གཞུང་ཁོངས་རིག་རྩལ་ཚོགས་པ་དང་ཞིང་ཆེན་དང་གྲོང་ཁྱེར་གྱི་གཞུང་ཁོངས་རིག་རྩལ་ཁང་དང་ཚོགས་པ་འགའ་ཞིག་གིས་གདན་དྲངས་པའི་འཁྲབ་སྟོན་རྩེར་སོན་གྱི་སྒོ་འཛིན་ཉོ་ཆོག་གི་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཚེ་རིང་ཐར་གྱིས། གོམ་སྟབས་རྗེས་མར་ཞིང་ཆེན་ནོར་སྲིད་ཀྱི་རྒྱབ་སྐྱོར་དང་གྲོང་ཁྱེར་དང་ཀྲོའུ་ནོར་སྲིད་ཀྱི་ལེ་ལག་ཚང་བའི་མ་དངུལ་དོན་འཁྱོལ་གྱི་ཁྲིད་སྟོན་བྱ་ཐབས་བརྒྱུད། རིག་གནས་དམངས་ཕན་གཱ་དེ་གྲོང་ཁྱེར་དང་ཀྲོའུ་གཞན་ལ་ཁྱབ་གདལ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚང་མར་རིག་གནས་སྒྱུར་བཅོས་ཀྱི་འཕེལ་རྒྱས་གྲུབ་འབྲས་སྔར་བས་མང་བ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཉེ་བའི་ལོ་ཤས་རིང་། ཟི་ལིང་གྲོང་ཁྱེར་གྱིས“རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ”གྲུབ་འབྲས་ཐོབ་པའི་ངང་བཏོད་ཅིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་ཞབས་ཞུར་སྤྱི་འདོམས་བརྒྱུད་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་དྲ་བ་ཕྱོགས་ཡོངས་ནས་རིམ་སྤོར་དང་། རང་སའི་རིག་གནས་སྤུས་རྟགས་གཏོད་པ། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་བ་བཅས་བྱས་ཡོད། བསྡོམས་རྩིས་ལ་གཞིགས་ན། 2018ལོར་ཟི་ལིང་གྲོང་ཁྱེར་གྱི་རིག་གནས་ཐོན་ལས་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར18.47ཟིན་པ་དེ་དུས་མཚུངས་ལས18.2%འཕར་བ་དང་མི་རེའི་ཆ་སྙོམས་རིག་གནས་བྱ་གཞག་གི་འགྲོ་གྲོན་གཏོང་སྒོ་སྒོར163ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།