སྐབས་དང་པོའི“ཀན་ཆིང་ཉིང”མཐོ་སློབ་ཀྱི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་མོ་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་10བའཚེས་27ཉིན“ཀན་ཆིང་ཉིང”མཐོ་སློབ་ཀྱི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོ་སྐབས་དང་པོ་མཚོ་སྔོན་སློབ་ཆེན་དུ་མཇུག་སྒྲིལ་བ་རེད། མཐར་དམིགས་བསལ་བྱ་དགའ4དང་། བྱ་དགའ་ཨང་དང་པོ17དང་བྱ་དགའ་ཨང་གཉིས་པ75བཅས་གཏན་འཁེལ་བྱས་པ་རེད། མཚོ་སྔོན་སློབ་ཆེན་ལ་ཁྱོན་དམིགས་བསལ་བྱ་དགའ1དང་། བྱ་དགའ་ཨང་དང་པོ་3། བྱ་དགའ་ཨང་གཉིས་པ9བཅས་ཐོབ་ཡོད། འགྲན་བསྡུར་ཆེན་མོ་དེས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་གསར་གཏོད་སློབ་གསོའི་སྤེལ་རེས་སྟེགས་བུ་ཐོག་མར་བསྐྲུན་པ་རེད། མ་དངུལ་འཇོག་མཁན་གྲགས་ཅན11གིས་དྲ་ཐོག་དང་དྲ་ཕྱིར་འོས་སྦྱོར་དང་མ་དངུལ་བསྡུ་སྒྲིལ་སྦྲེལ་མཐུད་བྱས་པ་བརྒྱུད་རྣམ་གྲངས16དང་མ་འཇོག་གི་གྲོས་མཐུན་བྱུང་བ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ཆེན་མོའི་ནང“ལྗང་མདོག་ལས་གཏོད་དང་། ལྗང་མདོག་སྣོད་བཅུད། ལྗང་མདོག་གྲོང་ཁྱེར། ལྗང་མདོག་འཚོ་བ”བཅས་བརྗོད་དོན་གཙོ་བོར་བྱས་ཤིང་། འགྲན་ཞུགས་རྣམ་གྲངས་ནང་ལྗང་མདོག་ནུས་རྒྱུ་དང་། ཞིང་ནགས་འབྲོག་ལས། བཟོ་སྐྲུན་ལག་རྩལ། མཐོ་གསར་ཚན་རྩལ། རིག་གནས་གསར་གཏོད། ཆ་འཕྲིན་ལག་རྩལ་ཞབས་ཞུ། གསར་གཏོད་ཞབས་ཞུ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད། འགྲན་བསྡུར་ཆེན་མོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་རིང་ད་དུང་གཉིས་གཏོད་སློབ་གསོའི་གྲུབ་འབྲས་འགྲེམས་སྟོན་དང་། གཉིས་གཏོད་དགེ་རྒན་གསོ་སྦྱོང་། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་རྣམ་གྲངས་ལམ་སྟོན། གཉིས་གཏོད་མཉམ་གཏོད་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། གྲོས་བསྡུར་བྱས་པ་བརྒྱུད་སྐབས་གཉིས་པའི“ཀན་ཆིང་ཉིང”མཐོ་སློབ་ཀྱི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོ་ཀན་སུའུ་ཞིང་ཆེན་ལན་གྲུ་སློབ་ཆེན་གྱིས་སྒྲུབ་འགན་འཁུར་རྒྱུ་ཐག་བཅད་པ་རེད།

མཚོ་སྔོན་སློབ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་སློབ་ཆེན་གྱིས་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ཏེ་གསར་གཏོད་ལས་གཏོད་དེ་སློབ་གྲྭའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འདུ་ཤེས་དང་ལོ་འཁོར་གྱི་སློབ་གསོ་སློབ་ཁྲིད་འཆར་གཞིའི་ནང་བཅུག་ནས་སྔ་རྗེས་སུ་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། 2016ལོར་སློབ་གསོ་པུས“རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་སློབ་གསོ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དཔེ་སྟོན་མཐོ་སློབ་ཁག་དང་པོར”གཏན་འཁེལ་བྱས་པ་རེད། 2018ལོར་སློབ་གྲྭ་དེ“2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ་སྟོབས་ཆེན་50ཡི་གྲས་སུ་ཚུད་ཡོད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།