ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཞི་ཨན་གྲོང་ཁྱེར་དུ་རྐང་ཐང་ཁྲོམ་ར་རིམ་སྤོར་སྒྱུར་བཀོད་དང“མཚན་མོའི་དཔལ་འབྱོར”གྱི་འཕེལ་རྒྱས་ལ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་གྲོང་ཁྱེར(ཁུལ)ཁག་གི་སྲིད་གཞུང་དང་ཞིང་ཆེན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ལ་སྣེ་ཁྲིད་དེ་ཧྲན་ཞིས་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་ཚོང་ལས་ཁུལ་གཏོད་པ་དང་རྐང་ཐང་ཁྲོམ་གཞུང་རིམ་སྤོར་སྒྱུར་བཀོད་དང“མཚན་མོའི་དཔལ་འབྱོར”གྱི་འཕེལ་རྒྱས་སོགས་ཀྱི་བྱ་བར་སློབ་སྦྱོང་དང་རྟོག་ཞིབ་བྱས་པ་རེད། 

རྟོག་ཞིབ་ཚོགས་པས་སྔ་རྗེས་སུ་ཞི་ཨན་གྲོང་ཁྱེར་ཀྲུང་ལོའུ་ཚོང་ར་སོགས་སུ“མཚན་མོའི་དཔལ་འབྱོར”གྱི་སྤྱི་ཡོངས་འཕེལ་རྒྱས་འཆར་འགོད་དང་། གོམ་བགྲོད་ཁྲོམ་གཞུང་གི་ལས་རྣམ་བཀོད་སྒྲིག་བགོ་འགྲེམས། འགྲིམ་འགྲུལ་རྩ་འཛུགས་སྦྲེལ་མཐུད། དཔལ་འབྱོར་དངོས་ཚན་གཉེར་སྐྱོང་དོ་དམ། སྒྲིག་སྲོལ་ལམ་སྲོལ་འཛུགས་སྐྱོང་སོགས་ཐད་ཀྱི་ཉམས་མྱོང་ལ་སློབ་སྦྱོང་དང་རྟོག་ཞིབ་བྱས་ཏེ་ས་གནས་དེ་གའི་སྲིད་གཞུང་དང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་དང་གླེང་མོལ་གཏིང་ཟབ་བྱས་པ་རེད། 

 རྟོག་ཞིབ་གནང་རིང་ཧྲན་ཞི་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཞུས་ཏ་ཐུང་གིས་རྟོག་ཞིབ་ཚོགས་པ་དང་མཇལ་འཛོམས་གནང་བ་རེད། ལིའུ་ཐའོ་ཡིས་ནུབ་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་ཀྱི་སྲོག་ཤིང་ཡིན་པའི་ཞི་ཨན་གྲོང་ཁྱེར་གྱིས་ཚོང་ལས་དཔལ་འབྱོར་འཕེལ་རྒྱས་ཁྲོད་འགོ་བཙུགས་པ་སྔ་བ་དང་། ཐོན་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་པ། སྣེ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད། ཐེངས་འདིར་ཞི་ཨན་དུ་བསྐྱོད་པ་བརྒྱུད་མཚོ་སྔོན་ཞིང་ཆེན་གྱིས་འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏང་ཆེད་དགེ་མཚན་ལྡན་པའི་དཔྱད་གཞིར་འཛིན་རྒྱུ་དང་སྔོན་ཐོན་གྱི་ཉམས་མྱོང་མཁོ་འདོན་བྱ་རྒྱུ་ཡིན་ཞིང་། ང་ཚོས་བསམ་བློ་བཅིངས་འགྲོལ་དང་གསར་གཏོད་བྱེད་ཕོད་པ་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དང་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས“མཚན་མོའི་དཔལ་འབྱོར”དང“གོམ་བགྲོད་ལམ་གྱི་དཔལ་འབྱོར”གྱི་མི་མངོན་པའི་ནུས་པ་སྔོག་འདོན་དང་མཐོ་རུ་གཏང་རྒྱུ་དང་། ལས་སྒོའི་བཀོད་པ་ལེགས་སུ་གཏང་རྒྱུ། ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་འཕར་བའི་སྒུལ་ཤུགས་གསར་པ་འཕེལ་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་རྒྱུ་ཡིན་པ་རེད། ཞུས་ཏ་ཐུང་གིས་རྟོག་ཞིབ་ཚོགས་པ་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཞིང་ཆེན་གཉིས་པོས་ཕྱོགས་མང་པོའི་ཐད་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རིན་ཡོད་པ་དང་། ས་གནས་གཉིས་པོས་འབྲེལ་གཏུག་ལ་ཤུགས་སྣོན་དང་སྐྱོན་སྤངས་དགེ་སྒྲུབ་ཀྱིས་ཕྱོགས་གཉིས་པོའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།