ཐེན་ཅིན་ཁྲིན་གྱིས་འགོ་འཛིན་བྱས་ནས་ཆི་ལེན་རི་བོའི་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཚོད་ལྟ་བྱ་བའི་མཐུན་སྦྱོར་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་འགོ་འཛིན་བྱས་ནས་ཆི་ལེན་རི་བོའི་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཚོད་ལྟ་བྱ་བའི་མཐུན་སྦྱོར་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ་དང་། ཚོད་ལྟའི་ལས་གཞི་འཛུགས་སྐྲུན་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་མ་ཟད། དེའི་ཐད་གནས་པའི་གནད་དོན་ལ་ཞིབ་འཇུག་དང་གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས་པ་དང་། ཚོད་ལྟའི་ལས་གཞི་ཡི་མཇུག་བཟང་བོར་བསྡུ་བའི་བྱ་བ་ཁྱོན་ཡོངས་ནས་སྤེལ།

ཚོགས་ཐོག་ནས་བསྟན་དོན། ཚོད་ལྟའི་ལས་གཞི་ལག་བསྟར་བྱས་པའི་ཚུན་དུ། མཐུན་སྦྱོར་ཚན་ཆུང་གཞུང་སྒྲུབ་ཁང་གིས་མཐུན་སྦྱོར་ངང་བྱ་བའི་སྤྱི་ཡོངས་ལ་དམ་འཛིན་བྱས་པ་དང་། འགན་སྲུང་ཤུགས་ཡོད་བྱས་ལ། ཁོངས་གཏོགས་ལས་ཁུངས་སོ་སོའི་གཞོགས་འདེགས་བཟང་བོ་བྱས་པ་དང་མཉམ་དུ་བྱ་བ་སྤེལ་ལ། མཚོ་བྱང་ཁུལ་དང་མཚོ་ནུབ་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་དང་བཀོད་སྒྲིག་འོས་འཚམ་བྱས་པ་དང་། འབྲེལ་ཡོད་ཀྱི་རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་ལག་བསྟར་དམ་འཛིན་བྱས་པ་དང་བྱ་བར་སྐུལ་འདེད་བཏང་བས། ཚོད་ལྟའི་ལས་གཞིའི་ལམ་ལུགས་འཛུགས་སྐྲུན་དང་རྩ་འཛུགས་དོ་དམ། ལག་བསྟར་བྱེད་པ་བཅས་ཕྱོགས་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ལས་གཞིའི་འཛུགས་སྐྲུན་སྤྱི་ཁོག་ནས་བཤད་ན་ཧ་ཅང་བདེ་བླག་ཡིན་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆི་ལེན་རི་བོའི་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཚོད་ལྟའི་ལས་གཞི་ནི་རང་རྒྱལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་ཕྱོགས་ཀྱི་འདུ་ཤེས་གསར་བའི་འཚོལ་ཞིབ་དང་ལག་ལེན་ཡིན་པས། དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་ཚོད་ལྟའི་བྱ་བའི་ཐད་བཏོན་པའི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱས་ཏེ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་གི་ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། འགོ་ཁུངས་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་དགོས། ཚོད་ལྟའི་ས་ཁུལ་གྱིས་གྲུབ་འབྲས་དམིགས་འབེན་ལ་དམ་དུ་དམིགས་ནས། ཆོག་མཆན་བཀོད་པའི་ལག་བསྟར་ཇུས་གཞི་ལྟར། ལས་གཞི་མཇུག་བསྡུ་བའི་བྱ་བ་སྣ་ཚོགས་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།