ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རྫོང་ཤང་གྲོང་ཚོའི་རིམ་གསུམ་དབུལ་སྐྱོར་ཡིད་རྟོན་མ་ལག་བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་སུ་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི4000ལྷག་ཙམ་ཟིན་ཏེ། “འཛམ་གླིང་གི་ཡང་རྩེ”དང“སའི་གོ་ལའི་སྣེ་གསུམ་པ”ཞིང་སུ་གྲགས་པ་དང་། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ས་ཆ་འབའ་ཞིག་རེད། བོད་ལྗོངས་མཐོ་ཞིང་གྲང་ལ། གསོ་རླུང་ཉུང་བ། གནམ་གཤིས་ཞན་པ་བཅས་ཀྱི་རྐྱེན་པས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་དཀའ་ཚེགས་ཆེ་ཞིང་དཔལ་འབྱོར་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་ལ། རྒྱལ་ཡོངས་ཀྱི་དབུལ་པོའི་རྒྱ་ཁྱོན་ཆེ་ཤོས་དང་དབུལ་པོ་ཡིན་ཚད་མཐོ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་རེད། བོད་ཀྱིས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་སྒྲུབ་པར་སྐུལ་ཁྲིད་བྱེད་པ་ནི་དཔལ་འབྱོར་དང་དམངས་འཚོའི་གནད་དོན་ཞིག་ཡིན་ལ། ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཀྱང་རེད།

“བོད་ཀྱི་དུད་ཚང་དབུལ་པོ་མ་གཞི་ནས་སྐྱོ་པོ་ཡོད་པས། ཞིང་ལས་རྒྱུ་ཆ་ཉོ་བའི་དངུལ་ཡང་འདོན་ཐུབ་ཀྱི་མེད་ལ། དངུལ་བུན་གཡར་བར་གཏའ་མ་དང་ཁག་ཐེག་ཀྱང་མེད། དེས་ཁོ་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་ལ་འགོག་རྐྱེན་བཟོས་ཡོད”ཅེས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལས་དོན་མི་སྣས་བརྗོད་ཅིང་། ཁོང་གིས་བོད་ལྗོངས་ས་ཁུལ་གྱི་ཁྲོམ་ར་ཅན་གྱི་ཚད་གཞི་དམའ་བ་དང་། མིག་སྔར་ཞིང་ལས་ཀྱི་ཁག་ཐེག་མ་ལག་བཙུགས་མེད་པའི་ས་ཁུལ་གཅིག་པུ་དེ་རེད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་ནུས་ལྡན་བསྐངས་ནས། ཁོ་ཚོ་སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རྒྱབ་སྐྱོར་བྱ་ཆེད། ཞིང་ལས་དངུལ་ཁང་གིས“ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་དངུལ་བུན་གཏོང་ཐབས”ཁྱབ་གདལ་བཏང་བ་རེད་ཅེས་བརྗོད་ཀྱི་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི2016ལོར་ཞིང་ལས་དངུལ་ཁང་གིས་བོད་ལྗོངས་ས་ཁུལ་གྱི་གནས་ཚུལ་ལ་དམིགས་ནས་བཟོས་པའི་ཁྱད་ལྡན་ཡིད་རྟོན་དངུལ་བུན་གཏོང་ཐབས་ཤིག་ཡིན་ཞིང་། དེར་དངུལ་སྲིད་མཉམ་འབྲེལ་གྱིས་རིམ་པ་དཔྱད་བསྡུར་བྱེད་སྟངས་སྤྱད་དེ་ཞིང་འབྲོག་དུད་ཚང་དབུལ་པོར་གཏའ་མ་དང་ཁག་ཐེག་མི་དགོས་པའི་གྲངས་ཉུང་དངུལ་བུན་བཏང་ནས་དུད་ཚང་དབུལ་པོའི་ཐོན་སྐྱེད་འཕེལ་རྒྱས་དང་འབབ་འཕར་དབུལ་སྒྲོལ་ལ་རོགས་རམ་བྱས་ཡོད་པ་རེད།

ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལས་དོན་མི་སྣས་གསར་འགོད་པར་ངོ་སྤྲོད་བྱས་དོན། དུད་ཚང་དབུལ་པོས་ཐོན་སྐྱེད་རྒྱུ་ཆ་ཉོ་བའི་དགོས་མཁོ་དེ་ཙམ་ཆེན་པོ་མེད། ལ་ལས་རྨོན་མཛོ་དང་། ལ་ལས་ཐོ་ཕྲུག ལ་ལས་ས་བོན་བཅས་ཉོ་གི་ཡོད། ཞིང་ལས་དངུལ་ཁང་གིས་དབུལ་སྐྱོར་གྱི་སྲིད་ཇུས་གཞིར་བཟུང་། ཁོ་ཚོར“ལོ3ནང་ཚུན་དུ་སྒོར་ཁྲི5མན། གཏའ་མ་དང་ཁག་ཐེག་མི་དགོས་པའི”དངུལ་བུན་གཏོང་ཐབས་མཁོ་འདོན་བྱས་པ་དང་། དངུལ་བུན་གྱི་སྐྱེད་ཀའི་ཐད་ཀྲུང་དབྱང་གི་གཟིགས་སྐྱོང་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྐྱེད་ཀའི་སྲིད་ཇུས་ལག་ལེན་བསྟར་བས་དངུལ་བུན་ལ་ལོ་རེར་སྐྱེད་ཀ་འཇལ་ཚད1.08%ལས་ཟིན་གྱི་མེད་པ་རེད།

ཡིད་རྟོན་ནི་རིན་ཐང་ལྡན་པ་ཞིག་ཡིན་པ་བོད་དུ་དེ་བས་མངོན་གསལ་དོད་པོ་ཡོད། བོད་ལྗོངས་ས་ཁུལ་དུ་ཞིང་ལས་དངུལ་ཁང་གིས་རིམ་གསུམ་ཡིད་རྟོན་མ་ལག་དེ་ཁྱབ་རྒྱ་ཧ་ཅང་ཆེན་པོ་བསྐྲུན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ས་ཁུལ་གྱི་ཡིད་རྟོན་མ་ལག་འཐུས་ཚང་མེད་པའི་གནད་དོན་ལ་དམིགས་ནས། ཞིང་ལས་དངུལ་ཁང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་ཡིད་རྟོན་མ་ལག་བསྐྲུན་ནས་ཞིང་འབྲོག་པར་ཚེ་གང་སྤྱོད་ཆོག་པའི“ཡིད་རྟོན་ཐོབ་ཐང་ལག་ཁྱེར”བཟོས་ཡོད་པ་རེད།

དེ་དང་ཆབས་ཅིག ཞིང་ལས་དངུལ་ཁང་གིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཡིད་རྟོན་གྱི་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་བཙུགས་ཤིང་། ཁ་དན་ཚིག་ལ་གནས་པའི་ཞིང་འབྲོག་པར་དངུལ་ཁང་གིས“ཞབས་འདེགས་སྔོན་ལ་ཞུ་བ་དང་། དངུལ་བུན་སྔོན་ལ་གཏོང་བ། དངུལ་བུན་གཏོང་ཚད་མང་དུ་གཏོང་བ། འགྲོ་ལུགས་སྟབས་བདེ་བ”སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བ་དང་། ཁ་དན་ཚིག་ལ་མི་གནས་མཁན་ལ་ཡིད་རྟོན་གྱི་རིམ་པ་དམའ་རུ་གཏོང་བ་མ་ཟད། ཐ་ན་དངུལ་བུན་གཡར་མཚམས་འཇོག་པ་སོགས་ཀྱི་ཆད་གཅོད་བྱ་ཐབས་སྤྱད་ནས་ཞིང་འབྲོག་ཁུལ་དུ“ཁ་དན་ཚིག་ལ་གནས་ན་ཕན་པ་ཐོབ་པ་དང་ཁ་དན་ཚིག་ལ་མ་གནས་ན་གྱོང་གུན་ཕོག་པའི”ལམ་སྲོལ་ལག་ལེན་བསྟར་ཤུགས་ཆེ་རུ་བཏང་བས་ས་ཁུལ་གྱི་ཡིད་རྟོན་ཁོར་ཡུག་ལེགས་སུ་ཕྱིན་ཡོད་པ་རེད།

མིག་སྔའི་བར། ཞིང་ལས་དངུལ་ཁང་གིས་བོད་དུ་ཡིད་རྟོན་རྫོང44དང་། ཡིད་རྟོན་ཤང་དང་གྲོང་རྡལ573 ཡིད་རྟོན་གྲོང་ཚོ4978བཅས་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་ལ་ཁྱབ་ཚད་སོ་སོར་59.45%དང་། 83.56% 94.62%བཅས་ཟིན་ནས་ཞིང་འབྲོག་པའི་ཡིད་རྟོན་འདུ་ཤེས་ཟབ་ཏུ་ཏན་ཏིག་ཕྱིན་ཡོད་ལ། རྒྱལ་ཡོངས་ཀྱི་སྔོན་དཔེ་ཡང་བཏོད་ཡོད་པ་རེད།

བོད་ཀྱི་ཞིང་འབྲོག་པ་ཞིག་གིས་ལོ་ཁ་ཤས་ཀྱི་གོང་། ཞིང་ལས་དངུལ་ཁང་དུ་ཡིད་རྟོན་རིམ་པ་ཟངས་ཀྱི་རིམ་པ་ཡིན་པ་དང་དབུལ་སྐྱོར་དངུལ་བུན་གཡར་ཚད་སྒོར་ཁྲི་1ལས་མེད། ད་ཆ་དབུལ་སྒྲོལ་ཐུབ་ནས་དངུལ་ཁང་ནས་ཡིད་རྟོན་རིམ་པ་ཕ་ལམ་རིམ་པར་སླེབས་ནས་དངུལ་ཁང་གི་དངུལ་བུན་གཡར་ཚད་མཐོ་ཤོས་སྒོར་ཁྲི30ཟིན་གྱི་ཡོད། “གྲོང་ཚོའི་མི་ཁ་ཤས་དང་མཉམ་དུ་བཟོ་གྲྭ་ཞིག་བཙུགས་པས་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་གི་འདུག”ཅེས་གསར་འགོད་པར་བཤད་བྱུང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།