མཚོ་སྔོན་བོད་རིགས་ས་ཁུལ་གྱི་གྲོང་སྡོད་ཧྲུའུ་ཅི་དང་པོས“བདེ་སྐྱིད་ལམ་དུ་ཚང་མ་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད”

སྟོན་ཉམས་ཀྱིས་ཕྱུག་པའི་ཟླ་བཅུ་པར་མཚོ་སྔོན་སློབ་ཆེན་དུ་གཡང་སྐྱིད་མ་དང་སློབ་གྲོགས་ཚོ་སློབ་གྲྭའི་ལམ་ཆུང་ནས་མཉམ་དུ་སྐྱོད་སྐབས། ལང་ཚོ་རྒྱས་པའི་ངོ་གདོང་ཉི་འོད་ཀྱི་འོག་ཏུ་ལྷག་པར་མཛེས།

གཡང་སྐྱིད་མ་ནི་ཤིན་ཏུ་དབུལ་བའི་ས་ཁུལ་ནས་སླེབས་པའི་མཚོ་སྔོན་སློབ་ཆེན་སློབ་གསོ་སློབ་གླིང་ལོ་རིམ་གཉིས་པའི་སློབ་མ་ཞིག་རེད།

གཡང་སྐྱིད་མའི་ཁྱིམ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་ཀ་ཕུག་གྲོང་ཚོ་ནས་ཡིན་ཞིང་། དེ་ནི་བོད་རིགས་ཀྱིས་གཙོས་གྲངས་ཉུང་མི་རིགས་ཀྱི་གྲོང་ཚོ་དབུལ་པོ་ཞིག་རེད། གྲོང་ཚོ་ཡོངས་ལ་དུད་ཚང་225ཡི་མི་850ཡོད་པ་ལས། དུད་ཚང་དབུལ་པོ་56གི་མི་192ཡོད། སྤྱིར་བཏང་ཁྱིམ་ཚང་ཞིག་གི་ངོས་ནས་བརྗོད་ན། ཁོ་མོ་དང་གཅེན་མོ་ཕུན་ཚོགས་སྒྲོལ་མ་སྔ་རྗེས་སུ་སློབ་ཆེན་ལ་རྒྱུགས་འཕྲོད་པ་ནི་དགའ་འོས་པའི་དོན་ཆེན་ཞིག་རེད། འོན་ཀྱང་དུད་ཚང་དབུལ་པོ་ཞིག་གི་ངོས་ནས་བརྗོད་ན། ཁོ་གཉིས་ལོ་རེའི་སློབ་ཡོན་ནི་ཕ་བསོད་ནམས་འབུམ་གྱི་ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་པོ་ཞིག་རེད།

2015ལོར། ཀ་ཕུག་གྲོང་ཚོར་བཅའ་སྡོད་བྱེད་པར་མངགས་པའི་རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུའི་ཆུ་གློག་ཀུང་སིའི(གཤམ་ལ“རྨ་ཆུ་ཀུང་སི”ཞེས་བསྡུ་རྒྱུ)གྲོང་སྡོད་དབུལ་སྐྱོར་ཧྲུའུ་ཅི་དང་པོ་ལིའུ་ཅ་ཧྥུའུ་ཡིས། འདི་ལོའི་ཟླ་5པ་ནས་བཟུང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྲོད་ནས་གཡང་སྐྱིད་མ་དང་ཕུན་ཚོགས་སྒྲོལ་མ་ཚུད་པའི་དུད་ཚང་དབུལ་པོའི་སློབ་ཆེན་འགྲིམ་བཞིན་པའི་སློབ་མ་12བདམས་པ་དང་འབྲེལ། རྨ་ཆུའི་ཆུ་གློག་ཀུང་སི་ནས་སློབ་སྐྱོར་མ་དངུལ་སྒོར་ཁྲི་5བརྩོན་ལེན་བྱས་ཏེ། ཁོ་ཚོར་རོགས་སྐྱོར་བྱས་པ་རེད།

གཞུང་དྲང་ལ་སྐད་ཆ་དེ་ཙམ་མང་པོ་མི་ཤོད་པའི་ལིའུ་ཧྲེ་སི་ནི་ཀ་ཕུག་གྲོང་ཚོའི་བོད་རིགས་ཀྱི་དུད་ཚང་དབུལ་པོ་ནས་ཡིན་ཞིང་། ད་ཆ་ལི་ཅ་ཞ་གློག་གཏོང་ཡན་ལག་ཀུང་སིར་བདེ་སྲུང་བའི་ལས་ལ་གཞོལ་བཞིན་ཡོད། 2015ལོའི་གོང་དུ། ཁོ་པ་ནང་མི་གསུམ་གྱི་ལོ་རེར་ཡོང་འབབ་སྒོར་དྲུག་སྟོང་ནས་བདུན་སྟོང་ཙམ་ལས་མེད་པ་མ་ཟད། མིག་ནད་ཕོག་ནས་འཚོ་བ་རང་མགོ་མ་ཐོན་པའི་བཟའ་ཟླར་སྨན་བཅོས་བྱེད་དགོས་སྟབས། འཚོ་བ་དེ་བས་དཀའ་སྡུག་ཆེ་བར་གྱུར།

ལིའུ་ཧྲེ་སིས“སྔོན་ཆད་ང་ཚོའི་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ད་ཆ་སྔོན་མ་དང་བསྡུར་ཚེ་འཚོ་བ་དཔེ་མི་སྲིད་པའི་ཡག་ཏུ་ཕྱིན་སོང་། རྨ་ཆུ་ཀུང་སིས་ལས་ཀ་སྤྲད་པ་བརྒྱུད། ང་ལ་ལོ་གཅིག་ལ་གླ་ཆ་སྒོར་ཁྲི་གསུམ་ལྷག་ཙམ་ཡོད་ལ། ད་དུང་དབུལ་སྐྱོར་དང་མ་མཐའི་འཚོ་བ་འགན་ལེན་སོགས་ཚང་མ་བསྡོམས་ཚེ། ཡོང་འབབ་སྒོར་ཁྲི་བདུན་ལྷག་ཙམ་འདུག”ཅེས་བརྗོད།

མིག་སྔར་རྨ་ཆུ་ཀུང་སི་ལི་ཅ་ཞ་གློག་གཏོང་ཡན་ལག་ཀུང་སིར་ལས་ཀར་བྱེད་མཁན་ཀ་ཕུག་གྲོང་ཚོའི་དུད་ཚང་6གི་མི་7ཡོད་ཅིང་། ཁོ་ཚོས་གཙང་སྦྲ་སྔོ་འགྱུར་དང་། གློག་ཆས་ཉམས་བཟོ། འཚོ་བའི་ཁུལ་གྱི་བདེ་འཇགས་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་པས། དབུལ་པོའི་འཚོ་བར་རིམ་བཞིན་འགྱུར་ལྡོག་ཕྱིན་ཡོད།

ལི་ཅ་ཞ་གློག་གཏོང་ཡན་ལག་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་ཧོ་ཀྲེན་ཀྲུང་གིས“ཉེ་བའི་ལོ་ཤས་རིང་། ང་ཚོས་ཀ་ཕུག་གྲོང་ཚོའི་དུད་ཚང་དབུལ་པོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ། ཏང་ཡོན་ལས་བྱེད་པ་33དང་དུད་ཚང་དབུལ་པོ་53ཆ་སྒྲིག་གཉེན་འཚོལ་གྱིས་དུས་ཚིགས་རེར་གཅིག་སྡུད་འཚམས་འདྲི་དང་། གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས། ཐོན་ལས་འཕེལ་རྒྱས་ལ་མཛུབ་ཁྲིད་བཅས་བྱས་པས། དབུལ་སྒྲོལ་ཕྱུག་འགྱུར་གྱི་མང་ཚོགས་ཀྱི་ཡིད་ཆེས་བརྟན་དུ་ཕྱིན་ཡོད”ཅེས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།