མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་མཛིན་མཛད་དེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཆ་འཕྲིན་བསྡུ་གསོག་བཀོལ་སྤྱོད་དང་དོ་དམ་ཚད་ལྡན་དུ་གཏོང་བ། ཟས་རིགས་བདེ་འཇགས། མཚོ་སྔོན་གྱི་ཚོང་རྟགས་མིང་གྲགས་ཅན་ཁས་ལེན་དོ་དམ་སོགས་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་བསྟན་དོན། སྲིད་འཛིན་ལས་ཁུངས་ཀྱི་ཆ་འཕྲིན་བསྡུ་གསོག་སྤྱོད་ཚུལ་ཚད་ལྡན་དུ་གཏོང་རྒྱུ་ནི། བྱ་བའི་ལས་ཆོད་མཐོར་འདེགས་གཏོང་བ་དང་ཕྱི་ཚུལ་རིང་ལུགས་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་པའི་གསར་སྐྲུན་རང་བཞིན་གྱི་བྱ་བ་ཡིན་པས། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་བ་བཅས་དང་ཟུང་འབྲེལ་བྱེད་པ་དང་། གཞི་གྲངས་ཆེན་པོ་སོགས་དེང་རབས་ཆ་འཕྲིན་ལག་རྩལ་ལ་རྒྱབ་རྟེན་པ། ཚད་ལྡན་དང་ཚོད་འཛིན་སོགས་གནད་འགག་དུས་རིམ་ལ་དམིགས་ཏེ། ཆ་འཕྲིན་བསྡུ་གསོག་བཀོལ་སྤྱོད་དང་དོ་དམ་ཁྱོན་ཡོངས་ནས་ཚད་ལྡན་དུ་གཏོང་དགོས། སྲིད་གཞུང་གི་ཆ་འཕྲིན་གཅིག་གྱུར་བསྡུ་གསོག་བྱེད་པའི་ཚད་གཞི་དང་རྒྱུ་རྐྱེན་གཙོ་བོ་གཏན་འབེབས་བྱེད་པར་ཞིབ་འཇུག་བྱེད་པ་དང་། མཉམ་སྤྱོད་བརྗེ་རེས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་གཞུང་སྡེ་ཁག་བར་གྱི་ཆ་འཕྲིན་གྱི་འགག་སྒོ་བརྟོལ་བ། གཞི་གྲངས་ཆ་འཕྲིན་གྱི་མཉམ་སྤྱོད་བྱེད་ཚད་དང་བེད་སྤྱོད་བྱེད་ཚད་མཐོར་འདེགས་བཏང་སྟེ། ཚན་རིག་གི་ཇུས་ཆོད་དང་གཞི་གྲངས་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་འདིང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཟས་རིགས་བདེ་འཇགས་ནི་དམངས་ཚིས་བཟོ་སྐྲུན་ཡིན་ལ། དམངས་སེམས་བཟོ་སྐྲུན་ཡང་ཡིན་པས། ཀྲུང་དབྱང་གི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཟས་རིགས་བདེ་འཇགས་བྱ་བར་ཤུགས་སྣོན་པའི་བཀོད་སྒྲིག་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། ཐོན་སྐྱེད་དང་ལས་སྣོན། འཁོར་རྒྱུག་སོགས་དུས་སྐབས་ཀྱི་སྡེ་ཁག་གི་འགན་འཁྲི་གཏན་ཁེལ་བྱས་ཏེ། འགན་འཁྲི་ལག་བསྟར་བྱེད་པར་བརྟེན་ནས་མི་དམངས་མང་ཚོགས་ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ལྟ་སྐུལ་དོ་དམ་དྲ་རྒྱ་ཇེ་བརྟན་དུ་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་བདེ་ཐང་མཚོ་སྔོན་གྱི་འཐབ་ཇུས་ལག་བསྟར་བྱེད་པ་སོགས་ཀྱི་བྱ་བ་དང་ཟུང་འབྲེལ་བྱེད་པ། ལྟ་སྐུལ་དོ་དམ་བྱེད་སྟངས་ལེགས་བསྒྱུར་བྱེད་པ། ལྟ་སྐུལ་དོ་དམ་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། ཆེས་གཟབ་ནན་བཞིའི་རེ་བ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཞིང་ལས་ཐོན་རྫས་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལག་རྩལ་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ས་བབ་དང་བསྟུན་ནས་ཚད་གཞི་ཅན་གྱི་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་ནས། མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་བདེ་འཇགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཁྱོན་ཡོངས་ནས་དེང་རབས་ཅན་དུ་བསྒྱུར་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།