མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་སློབ་སྦྱོང་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཁག་གི་ཁོངས་མི་རྣམས་ཚོགས་འདུར་ཞུགས། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་སྲིད་ཇུས་ཁྲིམས་སྲོལ་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་བློ་མཐུན་ཀའོ་ཟི་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་སྒྲོག་བྱ་བའི་སྲོལ་ཡིག་ལ་སློབ་སྦྱོང་དངོས་འབེབས་མཐར་ཕྱིན་བྱེད་དགོས་པའི་སྐོར་ནས་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་སློབ་སྦྱོང་གྲོས་ཚོགས་ལ་འགོ་འཛིན་བྱས།

ཀའོ་ཟི་ཡིས་སྲོལ་ཡིག་གི་འཆར་ཟིན་བཀོད་པའི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན། གཞི་རྩའི་སྒྲོམ་གཞི་དང་ཁྱད་ཆོས་གཙོ་བོ། ཁྱད་ལྡན་བཀྲག་མདངས་འཚེར་ས་དང་གསར་གཏོད་བྱེད་ས། དེ་བཞིན་ལས་ཀའི་ལམ་ལུགས་དང་གཏན་འབེབས་གཙོ་བོ་སོགས་ཀྱི་ཐད་ནས། སྲོལ་ཡིག་གི་དགོངས་དོན་གཙོ་བོ་དང་ནང་དོན་གཙོ་བོར་མ་ལག་ལྡན་པའི་སྒོ་ནས་སྒྲོག་འགྲེལ་དང་གསལ་འགྲེལ་བྱས། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་ཟུར་ཁྲིད་སྙན་ཞུ་ལ་ཆབ་སྲིད་ཀྱི་མཐོ་ཚད་དང་རིགས་པའི་གཞུང་ལུགས་ཀྱི་ཟབ་ཚད་ཡོད་ལ།

གཙོ་གནད་འབུར་ཐོན་དང་གནད་འགག་དམ་འཛིན་ཡང་བྱས་ཏེ། སྲོལ་ཡིག་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། སྲོལ་ཡིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་སྔར་ལས་ཁོང་དུ་ཆུད་པར་བྱེད་པ། དྲིལ་བསྒྲགས་ལས་དོན་གྱི་འགན་འཁྲི་དང་ལས་འགན་ཁ་གསལ་བཟོ་བ། དྲིལ་བསྒྲགས་ལས་དོན་ཚན་རིག་ཅན་དང་།ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། དྲིལ་བསྒྲགས་ལས་དོན་གྱི་བདེན་སྲུང་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཁ་གཏད་རང་བཞིན་དང་མཛུབ་སྟོན་རང་བཞིན་ཆེན་པོ་ལྡན་པས། ཟུར་ཁྲིད་སྙན་ཞུར་ཉན་རྗེས་བློ་སྒོ་འབྱེད་པར་ཕན་ཐོགས་ངེས་ཅན་ལྡན་ཟེར།

ཚང་མས་བསམ་པར། སྲོལ་ཡིག་གཏན་འབེབས་ཁྱབ་བསྒྲགས་བྱས་པ་དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དྲིལ་བསྒྲགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་པ་དང་། དྲིལ་བསྒྲགས་ལས་དོན་ལ་གཞི་རྩའི་བསྲུང་བྱ་མཁོ་འདོན་བྱས་པ་དང་། དྲིལ་བསྒྲགས་ལས་དོན་ཚན་རིག་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མངོན་པར་མཚོན་ཡོད་ཟེར།

ཚང་མས་བསམ་པར། ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་ཏེ། སྲོལ་ཡིག་དེ་རིམ་པ་ཁག་གི་ཏང་ཨུ(ཏང་ཙུའུ་)ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ནང་དོན་གལ་ཆེན་དུ་བརྩི་བ་དང་། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་དང་གསོ་སྦྱོང་གི་འཆར་གཞིའི་ནང་བཅུག་སྟེ། སྲོལ་ཡིག་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློའི་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས་སྔར་བས་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་གྱིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལག་ལེན་དང་ཟུང་འབྲེལ་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ལས་དོན་དང་ཟུང་འབྲེལ་བྱེད་པ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཞིབ་ཕྲ་ཅན་དུ་བསྒྱུར་བའི་ལས་དོན་དང་ཟུང་འབྲེལ་བྱེད་པ། སྲོལ་ཡིག་ལ་གཞིགས་ནས་ཧེ་བག་འཚོལ་བ་དང་ཞན་ཆ་འཚོལ་བ། ཚད་གཞི་མཐོན་པོ་དང་བླང་བྱ་ནན་པོ་འཛིན་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། སྲོལ་ཡིག་ནང་གསལ་ཁ་བཏོན་པའི་རྩ་དོན་དང་གཏན་འབེབས། བླང་བྱ་བཅས་དོན་འཁྱོལ་ཏན་ཏིག་བྱས་ནས། དྲིལ་བསྒྲགས་བསམ་བློའི་ལས་དོན་ཏན་ཏིག་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་གཞི་སྒྱུར་བཅོས་བྱས་རྗེས་ཀྱི་གནས་ཚུལ་གསར་བ་དང་འཚམ་པར་བྱེད་པ། འགན་འཁྲི་དང་ལས་འགན་སྔར་ལས་ཁ་གསལ་བཟོ་བ། སྒྲིག་གཞིའི་ལས་གནས་བཀོད་སྒྲིག་འཐུས་སྒོ་ཇེ་ཚང་དུ་གཏོང་བ། མི་སྣའི་སྟོབས་ཤུགས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་ནུས་དང་ལས་ཀའི་བརྒྱུད་རིམ་མཐུན་སྦྱོར་བཅས་བྱས་ཏེ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་ལས་དོན་སྤེལ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་སྲོལ་ཡིག་ལག་བསྟར་བྱས་ཚུལ་དེ་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དང་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམིགས་ཚད་དོ་དམ་ནང་འཇུག་པ། ལྟ་སྐུལ་སྒྲིག་ཁྲིམས་ནན་འཛིན་དང་འགན་འཁྲི་རྩད་གཅོད་ཀྱི་ཁྱབ་ཁོངས་ནང་བཅུག་ནས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ   ཟི་ལིང་ན་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་དོན་ལྷན་ཚོགས་ཀྱི་ཁོངས་མི། ཞིང་ཆེན་ཐད་གཏོགས་དྲིལ་སྒྲོག་རིག་གནས་ལས་ཁུངས་ཀྱི་འགོ་ཁྲིད་ཁོངས་མི་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།