མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པས་ཐའེ་ཧུའུ་མཚེའུ་བསྐོར་བའི་རྒྱལ་སྤྱིའི་འགྲོ་རྩལ་ཉིན་མང་འགྲན་བསྡུར་དུ་ཡང་བསྐྱར་༼གྲུབ་འབྲས་བཟང་བོ་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོ་ཧའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་མཇུག་སྒྲིལ་མ་ཐག  མཚོ་སྔོན་ཞིང་ཆེན་གྱི་འགྲོ་རྩལ་རུ་ཁག་གི་ལུས་རྩལ་པ་ཚོ་སུའུ་ཀྲོའུ་ཝུའུ་ཀྲུང་དུ་2019ལོའི་སུའུ་ཀྲོའུ་ཝུའུ་ཀྲུང་ཐའེ་ཧུའུ་མཚེའུ་བསྐོར་བའི་རྒྱལ་སྤྱིའི་འགྲོ་རྩལ་ཉིན་མང་འགྲན་བསྡུར་རམ་ཐའེ་ཧུའུ་མཚེའུ་ཡི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ལ་ཞུགས་པ་རེད། ཟླ་10བའི་ཚེས་23ཉིན། ཞིང་ཆེན་ལུས་རྩལ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཇུག་སྒྲིལ་མ་ཐག་པའི་འགྲན་བསྡུར་ནང་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་མང་པོར་གྲུབ་འབྲས་ཡག་པོ་ཐོབ་ཡོད་པར་གསུངས།

ཐེངས་འདིའི་འགྲོ་རྩལ་འགྲན་བསྡུར་ནང་ཨོ་སི་ཁྲུ་རི་ཡ་དང་། ཨ་རི། པར་ཙིར། ཧང་ག་རི། མོ་ཞི་ཁོ་སོགས་འཛམ་གླིང་གི་འགྲོ་རྩལ་ཕྱོགས་ཀྱི་རྒྱལ་ཁབ་སྟོབས་ཆེན་དང་ས་ཁུལ་28ལྷག་འགྲན་སྡུར་དུ་ཞུགས་ཡོད་ལ། འགྲན་ཞུགས་པའི་ནང་ཕྱི་རྒྱལ་གྱི་ལུས་རྩལ་པ་90དང་ཀྲུང་གོའི་ལུས་རྩལ་པ200ཙམ་ཡོད།  

འགྲན་བསྡུར་གྱི་དུས་ཡུན་ཉིན་གསུམ་ཡིན་ལ། ཉིན་དང་པོར་སྤེལ་བའི་ཐའེ་ཧུའུ་མཚེའུ་འགྲན་ཁུལ་གྱི་སྤྱི་ལེ་20ཡི་འགྲན་བསྡུར་སྤེལ་རྗེས། ལུས་རྩལ་པ་རྣམས་ད་དུང་ཐའེ་ཧུའུ་གྲོང་གསར་འགྲན་ཁུལ་གྱི་སྤྱི་ལེ་12ཀྱི་འགྲན་བསྡུར་དང་མུའུ་ཏུའུ་འགྲན་ཁུལ་གྱི་སྤྱི་ལེ་12ཀྱི་འགྲན་བསྡུར་ནང་ཞུགས་ནས་མཐར་མི་སྒེར་དང་ཚོགས་པའི་ཨང་དང་པོ་དང་གཉིས་པ་རྩོད་དགོས། ཏོ་ཧའི་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་ཐོག་སྤྱི་ལེ་20ཡི་ཨང་གཉིས་པའི་བྱ་དགའ་ཐོབ་མཁན་ཆོས་དབྱངས་སྐྱིད་དང་། སྤྱི་ལེ་50ཡི་ཨང་གཉིས་པ་ཐོབ་པའི་ཀླུ་མོ་འཚོ།  སྤྱི་ལེ་50ཡི་ཨང་5པ་ཐོབ་པའི་མཱ་ཧྥ་ཡིང་བཅས་ཐེངས་འདིའི་འགྲན་བསྡུར་གྱི་ལུས་རྩལ་པའི་མིང་ཐོའི་ནང་ཐོན་ཡོད།

མཐར་མཚོ་སྔོན་ཞིང་ཆེན་གྱི་འགྲོ་རྩལ་འགྲན་བསྡུར་གྱི་ལུས་རྩལ་པ་ཀླུ་མོ་འཚོ་དང་ཆོས་སྐྱིད་སྒྲོལ་མ་གནས་སའི་ཀྲུང་གོའི་རུ་ཁག་ལ་བུད་མེད་ཆེད་ལས་ཚོགས་པའི་རྒྱལ་སྤྱིའི་ཨང་དང་པོ་ཐོབ་པ་དང་། བཀྲ་ཤིས་གཡང་འབུམ་གནས་སའི་ཀྲུང་གོའི་རུ་ཁག་ལ་སྐྱེས་པའི་ཆེད་ལས་ཚོགས་པའི་རྒྱལ་སྤྱིའི་ཨང་གསུམ་པ་ཐོབ། མཱ་ཧྥ་ཡིང་དང་། ཁྲང་ཤང་ཁུན་། ཅི་ཧའེ་དབྱིན། ཉིའུ་སྒྲོལ་མ་དབྱངས་སྐྱིད་བཅས་ཀྱིས་མཚོ་སྔོན་རུ་ཁག་གི་ཚབ་བྱས་ནས་བུད་མེད་ཆེད་ལས་ཚོགས་པའི་རྒྱལ་སྤྱིའི་ཨང་བཞི་པ་དང་རྒྱལ་ནང་གི་ཨང་དང་པོ་ཐོབ། ཀའོ་མཁས་གྲུབ་རྒྱལ་དང་། མ་ཝུན་ལེའང་། སྐྱབས་འཆི་རྒྱལ། ཀྲོའུ་ཧུང་རུའེ། དབྱང་ཅེ་བཅས་ཀྱིས་མཚོ་སྔོན་རུ་ཁག་གི་ཚབ་བྱས་ནས་སྐྱེས་པའི་ཆེད་ལས་ཚོགས་པའི་རྒྱལ་ནང་གི་ཨང་བརྒྱད་པ་ཐོབ།

མི་སྒེར་གྱི་གྲུབ་འབྲས་ཐད། ཀླུ་མོ་འཚོར་བུད་མེད་ཆེད་ལས་ཚོགས་པའི་མི་སྒེར་གྱི་འགྲོ་རྩལ་འགྲན་བསྡུར་གྱི་སྤྱི་ལེ་20ཡི་ཨང་གཉིས་པ་དང་། ཐའེ་ཧུའུ་གྲོང་གསར་འགྲན་ཁུལ་གྱི་སྤྱི་ལེ་12ཀྱི་འགྲན་བསྡུར་དང་མུའུ་ཏུའུ་འགྲན་ཁུལ་གྱི་སྤྱི་ལེ12ཀྱི་འགྲན་བསྡུར་ཁྲོད་སོ་སོར་ཨང་གཉིས་པ་དང་དྲུག་པ་ཐོབ་པ་དང་། མཱ་ཧྥ་ཡིང་ལ་བུད་མེད་ཆེད་ལས་ཚོགས་པའི་མི་སྒེར་གྱི་འགྲོ་རྩལ་འགྲན་བསྡུར་གྱི་སྤྱི་ལེ་20ཡི་ཨང་དྲུག་པ་དང་འགྲན་ཁུལ་གཞན་གཉིས་ལ་སོ་སོར་ཨང་བརྒྱད་པ་ཐོབ། བཀྲ་ཤིས་གཡང་འབུམ་ལ་སྐྱེས་པའི་ཆེད་ལས་ཚོགས་པའི་མི་སྒེར་གྱི་འགྲོ་རྩལ་འགྲན་བསྡུར་གྱི་སྤྱི་ལེ་20ཡི་ཨང་དྲུག་པ་དང་ཐའེ་ཧུའུ་མཚེའུ་གྲོང་གསར་འགྲན་ཁུལ་གྱི་སྤྱི་ལེ་12ཀྱི་འགྲན་བསྡུར་གྱི་ཨང་ལྔ་པ་ཐོབ།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།