རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་ལས་རྗེས་སྐོར་སྐྱོད་སྙན་ཞུའི་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་ལག་རྗེས་སྐོར་སྐྱོད་སྙན་ཞུའི་གྲོས་ཚོགས་ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་ཟི་ལིང་ནས་ཚོགས། སྙན་ཞུའི་གྲོས་ཚོགས་སྔོན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཙོའུ་ཞའོ་ཏུང་གིས་ཁྲིད་པའི་སྙན་ཞུ་ཚོགས་པར་ཐུག་འཕྲད་གནང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་ཐུག་འཕྲད་ལ་ཞུགས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཐུག་འཕྲད་ལ་ཞུགས་པར་མ་ཟད་སྙན་ཞུ་གྲོས་ཚོགས་ལ་འགོ་མཛིན་བྱས།

ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་སྙན་ཞུ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་སྙན་ཞུ་ཕུལ་བར་དགའ་བསུ་ཞུས། ཝང་ཅན་ཅུན་གྱིས་བཤད་རྒྱུར། དབུལ་ཐར་མཁྲེགས་གཏོར་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་ཕྱིར་བཏོན་ཞིང་སྐུལ་འདེད་བཏང་བའི་དུས་རབས་བརྒལ་བའི་དོན་སྙིང་ལྡན་པའི་རླབས་ཆེན་གྱི་བྱ་བ་ཞིག་ཡིན། རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་དྲུག་པ་ཐོན་ལ་ཉེ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གཉིས་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། ང་ཚོར་ཁ་ཕྱོགས་གསལ་བོ་བསྟན་པ་དང་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས། སྙན་ཞུ་ཚོགས་པས་མཚོ་སྔོན་ལ་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་ཉམས་མྱོང་ཁྱེར་ཡོང་ལ། དབུལ་ཐར་མཁྲེགས་གཏོར་གྱི་བསམ་པའི་སྟོབས་ཤུགས་ཁྱེར་ཡོང་བ་དང་། མཚོ་སྔོན་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་ཐད་སྐུལ་སློང་ཆེན་པོ་བཏང་། ཀྲུང་གོའི་དབུལ་ཐར་མཁྲེགས་གཏོར་ཐད་ནས་འཛམ་གླིང་གི་ཡིད་སྨོན་བྱེད་ཆོག་པའི་གྲུབ་འབྲས་བླངས་པ་དང་། ཁྱེད་ཚོས་རང་ཉིད་ཀྱི་ལས་རྐང་སྟེང་ནུས་པ་ཡོད་ཚད་བཏོན་ནས་དབུལ་ཐར་མཁྲེགས་གཏོར་ཐད་བྱས་རྗེས་འཇོག་དགོས་ལ། དེ་ནི་ང་ཚོའི་སློབ་སྦྱོང་བྱེད་པའི་མིག་དཔེ་ཡིན། སྐོར་སྐྱོད་སྙན་ཞུ་དེ་ཧ་ཅང་དགོས་ངེས་ཆེ་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་ཐད་ནས་སྙིང་སྟོབས་ཀྱི་སྣེ་ཁྲིད་དགོས་ལ། ཁྱེད་ཚོས་རིག་སྟོབས་དང་རྔུལ་ཆུ་ལ་བརྟེན་ནས་བླངས་པའི་སྔོན་ཐོན་ལག་རྗེས་དེ་མིག་དཔེ་རུ་བྱེད་འོས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་ན། དབུལ་ཐར་མཁྲེགས་གཏོར་ནི་ཕྱོགས་གལ་ཆེན་ཞིག་ཡིན། རླབས་ཆེན་གྱི་བྱ་བ་དེའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་པ་མ་ཟད། ཆེས་མཐའ་མཇུག་གི་མཇུག་བསྡུ་དུས་རིམ་དུ་བསླེབ་ཡོད། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཁྱེད་ཚོའི་ལག་རྗེས་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བྱས་ནས་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་སྟེ། མཚོ་སྔོན་དང་རྒྱལ་ཡོངས་གཉིས་མཉམ་དུ་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་ཁག་ཐེག་བྱེད་དགོས་ཟེར།

ཙོའུ་ཞའོ་ཏུང་གིས་སྙན་ཞུ་ཚོགས་པའི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྩ་འཛུགས་ཞིབ་མོ་དང་བཀོད་སྒྲིག་ནན་མོ་བྱས་པར་བཀའ་དྲིན་ཞུས། ཁོས་བསྟན་དོན། སྙན་ཞུ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་མོ་བྱེད་པ་དང་། སྔོན་ཐོན་དཔེ་མཚོན་དྲིལ་སྒྲོག་ཤུགས་ཆེན་བྱེད་པ། དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་སྒུལ་ཤུགས་གསར་བ་སྣོན་དགོས་ཟེར།

སྙན་ཞུ་གྲོས་ཚོགས་སྟེང་ཙོའུ་ཞའོ་ཏུང་གིས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་ཐད་བཏོན་པའི་མཆན་བཀོད་མཛུབ་སྟོན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། དེའི་རྗེས། སྙན་ཞུ་གྲོས་ཚོགས་ཀྱི་ཁོངས་མི་སྟེ་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སུའུ་ལུང་ཀུའུ་གཙེགས་དྲུབས་ཚད་ཡོད་ཀུང་ཟིའི་སྦྱིན་བདག་སུའུ་ཞའོ་ལིས་དང་ཧྲན་ཞི་ཞིང་ཆེན་ཡུས་ལེན་གྲོང་ཁྱེར་མིས་ཀྲི་རྫོང་ཧྲ་ཅཱ་ཏེན་གྲོང་རྡལ་ལིས་ཀྲན་སྡེ་བའི་ཧྲུའུ་ཅི་དང་པོ་ཀྲུང་ལེ་ཝེ། ཟི་ལིང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཧོང་ཀྲུང་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ལིས་ཞའོ་ཁི་སོགས་ཀྱིས་སྔ་གཞུག་ཏུ་སྙན་ཞུ་ཕུལ། ཁོ་ཚོས་རང་སྟེང་གི་བྱ་བ་དང་འཚོ་བར་ཟུང་འབྲེལ་བྱས་ནས། ཟུར་སྣེ་མི་འདྲ་བ་དང་ཕྱོགས་ངོས་མི་འདྲ་ས་ནས་དབུལ་ཐར་ལས་གནས་ཀྱི་མྱོང་ཚོར་དང་མི་སེམས་འགུལ་བའི་གཏམ་རྒྱུད་གསལ་བོར་བཤད།

ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན། དྲག་ཆས་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་དམག་སྲིད་དཔོན་པོ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འཐུས་ཚབ་མི་སྣ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་འཐུས་ཚབ་པ་སོགས་སྙན་ཞུ་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།