གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི“སྐྱེ་ཁམས་ཆེད་ལས་འཛིན་གྲྭ”ཟི་ལིང་དུ་སློབ་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས21ཉིན། གཙང་གསུམ་འབྱུང་ཡུལ་ཐེབས་རྩ་ཚོགས་པ་དང་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ་གཉིས་ཀྱིས་མཉམ་འབྲེལ་སྒོས་གཉེར་བའི་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་“སྐྱེ་ཁམས་ཆེད་ལས་འཛིན་གྲྭ”ཟི་ལིང་དུ་སློབ་འགོ་བརྩམས་ཤིང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་ནས་ཐོན་པའི་སློབ་མ40ཡིས་ལོ་གསུམ་རིང་གི་ལས་རིགས་ལག་རྩལ་སློབ་སྦྱོང་གི་འཚོ་བའི་འགོ་བརྩམས།

གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པས་སྤྱི་ཕན་མ་དངུལ་གྱི་བྱེད་ནུས་གང་ལེགས་སྒོས་འདོན་སྤེལ་བྱས་ཏེ་ཚད་ཡོད་པའི་མ་དངུལ་དེ་སྤྱོད་ཡུལ་ཆེ་སར་བཀོལ་བ་དང་། ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད་དེ་ཞིང་འབྲོག་མང་ཚོགས་ཀྱི་བྱིས་པ་དག་གི་ལས་གཏོད་ལས་ཞུགས་ཀྱི་ནུས་པ་མཐོར་འདེགས་གཏོང་བ་དང་། གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རམ་འདེགས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཆེད་ལས་འཛིན་གྲྭ་དེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེད་ལས་ལ་ཁ་ཕྱོགས་ཅིང་། སློབ་ཁྲིད་ཀྱི་སྒྲིག་བཀོད་སྟེང་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བརྟག་དཔྱད། སྐྱེ་ཁམས་ཕྱུགས་ལས། ཡུལ་སྐོར་རིག་གནས། སྤྱི་སྦྲེལ་དྲ་རྒྱ། ཞིང་གྲོང་གློག་རྡུལ་ཚོང་གཉེར་སོགས་གཙང་གསུམ་འབྱུང་ཡུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་དགོས་མཁོ་ཆེ་བའི་འཇོན་མི་གསོ་སྐྱོང་བྱེད་པ་གཙོ་གནད་དུ་བཟུང་ཡོད།

ཐེངས་འདིའི་སྐྱེ་ཁམས་ཆེད་ལས་འཛིན་གྲྭར་སློབ་མ40བསྡུས་ཏེ་སྡོམ་པས་སྒོར་ཁྲི47ལྷག་གིས་རོགས་སྐྱོར་བྱས་ཤིང་། རོགས་སྐྱོར་བྱེད་ཡུལ་གཙོ་ཆེ་བ་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་དབུལ་ཕོངས་ཞིང་འབྲོག་ཁྱིམ་ཚང་གི་བྱིས་པ་ཡིན། རོགས་སྐྱོར་ཐོབ་པའི་སློབ་མ་དག་གིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྒྱལ་ཁབ་རོགས་སྐྱོར་ཁ་གསབ་དང་འཕྲི་ལྕོག་སྲིད་ཇུས་ལོངས་སུ་སྤྱོད་པའི་རྨང་གཞིའི་ཐོག གཙང་གསུམ་འབྱུང་ཡུལ་གྱི་ཐེབས་རྩ་ཚོགས་པས་ཀྱང་སློབ་སྦྱོང་དང་འཚོ་བའི་ཐད་དུ་རོགས་སྐྱོར་ངེས་ཅན་གནང་སྟེ། ཤེས་བྱའི་ཆུ་ལ་སྐོམ་པའི་སློབ་བུ་དག་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་སྦྱིན་ཞིང་། ཁོ་ཚོར་ལས་རིགས་ལག་རྩལ་ཤིག་འབྱོར་ན་གཙང་གསུམ་འབྱུང་ཡུལ་ལ་དྲིན་བཟོ་བ་དང་གཙང་གསུམ་འབྱུང་ཡུལ་ལ་ཞབས་འདེགས་སྒྲུབ་པ། གཙང་གསུམ་འབྱུང་ཡུལ་འཛུགས་སྐྲུན་བྱེད་པར་རེ་བ་བཅིངས་ཡོད་པ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།