​མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལེགས་སྒྲིག་བྱ་གཞག་ལ་དགའ་འོས་པའི་གྲུབ་འབྲས་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་བྱ་གཞག་ཚོགས་འདུ་ཐེངས་དྲུག་པའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ20ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྲ་བརྟན་གྱི་འགོ་ཁྲིད་འོག་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་རིག་གནས་འཚོལ་བསྡུ་ལེགས་སྒྲིག་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས། ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལེགས་སྒྲིག་བྱ་གཞག་ལ་གྲུབ་འབྲས་བཟང་པོ་བླངས།  

   ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་སྲིད་གཞུང་གི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ཏེ། “ལོ་ལྔའི་འཆར་གཞི་བཅུ་པ”ནས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ལོ་ལྔའི་འཆར་གཞི་བཞི་བསྟུད་མར་ལག་བསྟར་དང་། “སྙིགས་དོར་བཅུད་ལེན་བྱེད་པའི”མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་བྱས་ཤིང་། 《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་སྤྱིའི་དཀར་ཆག་གནད་བསྡུས》ཀྱི་མི་རིགས་སོ་སོའི་གླེགས་བམ་དང་། 《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་རྣམ་ཐར》《ཀྲུང་གོའི་ཚྭ་འདམ་གཞུང་གི་བྲག་བརྐོས་རི་མོ》《གཅན་ཚ་རྔ་སྒར་དགོན་པའི་སངས་རྒྱས་སྟོང་སྐུའི་བྲག་བརྐོས་རི་མོ》《མཚོ་སྔོན་གྱི་གྲངས་ཉུང་མི་རིགས་མི་རབས་ཀྱི་གསེར་ཡིག་དཀར་ཆག》བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པའི་རྣམ་ཐར་བསྡུས་པསོགས་དཔེ་རྙིང་ཚད་ལྡན་ཡིག་ཆ27ལེགས་སྒྲིག་དཔེ་སྐྲུན་བྱས་པ་རེད། དེའི་ནང་པར་སྐྲུན་བྱས་པའི་ཟ་ལར་རིགས་ཀྱི《ཁུ་རན་གསུང་རབ》པར་སྐྲུན་བྱས་ལ། 2017ལོའི་སྐབས68པའི་ཨ་མེ་རི་ཁའི་པན་ནེའི་དཔེ་སྐྲུན་བྱ་དགའི་འགྲན་བསྡུར་ཁྲོད་ཏིས་སི་ཉིའི་སྒྱུ་རྩལ་རིགས་ཀྱི་དཔེ་དེབ་བྱ་དགའ་ཐོབ་པས། དེའི་ཐོག་ནས་ཀྲུང་གོའི་གནའ་དཔེ་དཔེ་སྐྲུན་གྱི་པར་འདེབས་ཆུ་ཚད་མངོན་ཡོད་པ་རེད། 《དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ》པར་སྐྲུན་བྱས་རྗེས་རྒྱལ་ནང་དུ་ཚུར་སྣང་ཆེན་པོ་བྱུང་ཡོད། གྲོང་ཁྱེར་དང་ཁུལ་སོ་སོ་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ནས་ཡང་ཧུར་ཐག་གིས་གནའ་རྙིང་མྱུར་སྐྱོབ་སྲུང་སྐྱོང་ནང་ཞུགས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

 གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལས་དོན་སྒྲིག་གཞི་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་དང་རང་སྐྱོང་རྫོང7གྱིས་སྔ་རྗེས་སུ་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལས་དོན་སྒྲིག་གཞི་བཙུགས་ནས། གནའ་དཔེ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད་རྩ་འཛུགས་ཀྱི་འགན་ལེན་ཇེ་བརྟན་དུ་བཏང་བ་དང་། ཟམ་མི་ཆད་པར་དཔེ་རྙིང་ལས་དོན་ཁྱབ་ཁོངས་རྒྱ་ཆེར་བཏང་ཞིང་། ཁྱབ་ཁོངས་ལས་བརྒལ་བ་དང་ས་ཁོངས་བརྒལ་བ་བརྒྱུད་ཞིང་ཆེན་དང་རང་སྐྱོང་ལྗོངས་དྲུག་གི་བོད་རིགས་ཀྱི་གནའ་དཔེ་དང་། རྒྱལ་ཡོངས་ཧེའེ་རིགས་ཀྱི་གནའ་དཔེ། ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་སོག་རིགས་ཀྱི་གནའ་དཔེ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལས་བརྒལ་བའི་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལེགས་སྒྲིག་མཉམ་སྒྲུབ་རྩ་འཛུགས་ནང་ཞུགས་ཏེ། ཁྱབ་ཁོངས་གསར་པར་གནའ་དཔེ་ལས་དོན་སྤེལ་བའི་ཉམས་མྱོང་གསོག་འཇོག་དང་། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོང་། ཤེས་ལྡན་མི་སྣ་གསོ་སྦྱོང་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཅིང་། “མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཚད་ལྡན་ཡིག་ཆ་ལེགས་སྒྲིག་ཞིབ་འཇུག་དང་ཤེས་ལྡན་མི་སྣ་གསོ་སྦྱོང་རྟེན་གཞི”མཚོ་སྔོན་དགེ་འོས་སློབ་ཆེན་དུ་བཙུགས་ནས། མཚོ་སྔོན་ཞིང་ཆེན་གྱི་གནའ་དཔེ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལས་དོན་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཆ་འཕྲིན་ཅན་བཅས་འཛུགས་སྐྱོང་བྱེད་པ་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་བཏང་བ་དང་། ཟམ་མི་ཆད་པར་གནའ་དཔེ་དྲིལ་བསྒྲགས་ཐབས་ལམ་རྒྱ་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི“མི་རིགས་ཀྱི་དཔེ་དེབ་རྩ་ཆེན་དང་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་རྩ་ཆེའི་རིག་དངོས་སྲུང་སྐྱོང་གྲུབ་འབྲས་འགྲེམས་སྟོན”ནང་ཞུགས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་གནའ་དཔེའི་ལེགས་སྒྲིག་གི་གྲུབ་འབྲས་འགྲེམ་སྟོན་བྱས་ཏེ། རྒྱལ་ཡོངས་སུ་ཤུགས་རྐྱེན་ཐེབས་རྒྱ་ཆེ་རུ་བཏང་བར་སྤྱི་ཚོགས་ལས་རིགས་ཁག་གིས་ཡོངས་ཁྱབ་ངང་དོ་ཁུར་དང་གདེང་འཇོག་བཟང་པོ་ཐོབ་ནས་སྤྱི་དམངས་ཀྱིས་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོང་ལ་དོ་ཁུར་བྱེད་ཚད་དང་དེའི་ནང་ཞུགས་པའི་འདུ་ཤེས་ཉིན་རེ་བཞིན་ཇེ་ཟབ་ཏུ་ཕྱིན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།