ཆུ་དམར་ལེབ་རྫོང་གི་འབྲོག་པས་གནའ་ཁྱུ་གནས་སྤོར་བའི་རྣམ་པ་བརྙན་དུ་ཕབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུ་གླིང་ཁུལ་གྱི་ཆུ་དམར་ལེབ་དོ་དམ་ཁྲུའུ་ནས་ཤེས་གསལ་ལྟར་ན། ཉིན་འགའི་སྔོན་དུ། ཡུལ་དེའི་འབྲོག་པས་གླིང་ཁུལ་ནས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་རི་དྭགས་གནའ་ཁྱུ་གནས་སྤོར་བའི་རྣམ་པ་སྐར་ཆ30ཅན་གྱི་བརྙན་ཐུང་ཞིག་ཕབ།

དེ་ནི་ཧ་ཅང་བརྗིད་ཉམས་ལྡན་པའི་བརྙན་ཞིག་རེད། དུས་ཚོད་སྐར་ཆ30ཡི་ནང་དུ་གནའ་ཁྱུ་ཞིག་མཚོ་ངོས་ལས་མཐོ་ཚད་ལ་སྨི5000ཡོད་པའི་རི་ངོས་ནས་མགྱོགས་མྱུར་རི་རྩེར་མཆོངས་ནས་འགྲོ་ཞིང་རི་བོའི་ཕ་རོལ་དུ་གནས་སྤར། བརྙན་དེ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་གླིང་ཁུལ་གྱི་ཆུ་དམར་ལེབ་དོ་དམ་ཁྲུའུ་ཡི་རང་བྱུང་ཁམས་ཆེན་མོའི་བརྙན་ཕབ་རུ་ཁག་གི་ཁོངས་མིས་འབའ་དགོན་ཞང་གི་ཡུལ་ཁོངས་ནས་བརྙན་ཕབ་བྱས་པ་རེད།

དེ་ནི་རང་བྱུང་ཁམས་ཆེན་མོའི་བརྙན་ཕབ་རུ་ཁག་གི་ཁོངས་མིས་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་རི་དྭགས་གཞི་ཁྱོན་ཆེན་པོས་གནས་སྤོར་བའི་ཚུལ་བརྙན་དུ་ཕབ་ཐེངས་དང་པོ་མིན་པར། 2017ལོ་ནས་བཟུང་། ཡུལ་དེའི་འབྲོག་པ80ལྷག་རྩ་འཛུགས་བྱས་ཏེ་ཆུ་དམར་ལེབ་རང་བྱུང་ཁམས་བརྙན་ཕབ་རུ་ཁག་ཏུ་ཞུགས་སུ་བཅུག་སྟེ། ལུང་པའི་ཕུག་ཏུ་ཐར་ཐོར་དུ་གཞིས་སྡོད་བྱས་ཡོད་པའི་འབྲོག་པ་རྣམས་ཀྱིས་ལག་ཏུ་ལག་ཁྱེར་ཁ་པར་དང་པར་ཆས་བཟུང་ནས། གཙང་གསུམ་འབྱུང་ཡུལ་གྱི་མགོ་ཁུངས་སུ་འཚོ་བའི་རི་དྭགས་ཀྱི་ཐོན་ཁུངས་བརྙན་དང་པར་དུ་ཕབ། བསྟུད་མར་ལོ་ངོ་གཉིས་ཀྱི་རིང་ལ་གཙོད་སྟོང་ཕྲག་མང་པོ་ཨ་ཆེན་གངས་རྒྱབ་དང་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་ནས་ཡར་མར་དུ་གནས་སྤོར་བའི་བརྙན་དང་པར་རྩ་ཆེན་བླངས། གསའ་མ་བུ་གཉིས་ཀྱིས་མངའ་ཁོངས་སུ་སྐོར་ཞིབ་བྱེད་པ་དང་གླིང་ཆེན་ཡོ་རོབ་དང་ཨ་ཤེ་ཡའི་ཆུ་སྲམ་འབྲི་ཆུའི་བཞུར་རྒྱུན་དུ་འཚོས་ཡོད་པ་སོགས་ཀྱི་བརྙན་པར་རྒྱུ་ཆ་སྣ་ཚོགས་བླངས།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུ་མགོ་ཁུངས་གླིང་ཁུལ་གྱི་ཆུ་དམར་ལེབ་དོ་དམ་ཁྲུའུ་ཡི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་པས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་ངོ་གཉིས་ཀྱི་རིང་ལ། རང་བྱུང་ཁམས་ཆེན་མོའི་བརྙན་ཕབ་རུ་ཁག་གིས་རང་བྱུང་ཁམས་དང་ཉེ་བར་གནས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གསའ་འཐུས་ཚབ་ཡིན་པའི་ཤ་གཟན་སྲོག་ཆགས་ཀྱི་རིགས16དང་། གནའ་འཐུས་ཚབ་ཡིན་པའི་རྩྭ་གཟན་སྲོག་ཆགས་རིགས18། འདབ་ཆགས་ཀྱི་རིགས40ལྷག་བཅས་བསྡོམས་པས་རི་དྭགས་སྣ་ཚོགས་རིགས74བརྙན་དང་པར་དུ་ཕབ་སྟེ། གཙང་གསུམ་འབྱུང་ཁུལ་རྒྱལ་ཁབ་སྤྱི་གླིང་གི་ལས་བྱེད་པས་གཙང་གསུམ་འབྱུང་ཡུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུ་ཁྱབ་སྟངས་གནས་ཚུལ་སོགས་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཞིབ་འཇུག་སྟོང་ཆ་ནུས་ལྡན་གྱིས་བསྐངས་པར་མ་ཟད། ཡུལ་དེའི་སྐྱེ་ཁམས་ལྟ་སྲུང་བྱ་བར་བྱས་རྗེས་བཞག །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།