མཚོ་སྔོན་གྱིས་ལས་ཞུགས་དབུལ་སྐྱོར་ལག་ལེན་ཉིན་མོ་ཞེས་པའི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས17ཉིན་ནི་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་དྲུག་པ་ཡིན་པ་རེད། ལས་ཞུགས་དབུལ་སྐྱོར་ལ་སྐུལ་འདེད་གཏིང་ཟབ་གཏང་ཆེད། ཞིང་ཆེན་ཤེས་ལྡན་མི་སྣའི་འབྲེལ་འདྲིས་ལྟེ་གནས་ཀྱིས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཐོག“ལས་ཞུགས་དབུལ་སྐྱོར་ལག་ལེན་ཉིན་མོའི”ཡུལ་དངོས་ཚོགས་འདུ་ཚོགས་པ་དང་།ལས་ཀ་འཚོལ་མཁན་ཆིག་སྟོང་ལྷག་ཙམ་གྱིས་རང་ཉིད་ལ་འཚམ་པའི་ལས་གནས་འཚོལ་གྱི་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། བྱེད་སྒོའི་དམིགས་ཡུལ་ནི། དབུལ་ཐར་འགག་སྒྲོལ་གྱི་འཐབ་ཇུས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པའི་དམིགས་ཚད་ལས་འགན་ལ་དམིགས་ཏེ། གྲོང་གསེབ་ཀྱི་དབུལ་ཁྱིམ་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་ངལ་རྩོལ་པར་སྲིད་ཇུས་དང་། ཆ་འཕྲིན། ཞབས་ཞུ། ལས་གནས་བཅས་སྐྱེལ་བ་དང་། གྲོང་གསེབ་ཀྱི་དབུལ་ཕོངས་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ལྡན་པའི་ཐུགས་ཁུར་བརྒྱུད་སྤྲོད་བྱེད་པ། ལས་ཞུགས་དབུལ་སྒྲོལ་ལ་སྐུལ་འདེད་གཏང་བ་བཅས་རེད། ཁྱོན་ཞིང་ཆེན་ཕྱི་ནང་གི་ཁེ་ལས་སྡེ་ཁག50ཐེངས་འདིའི་ཚོགས་འདུར་ཞུགས་པ་དང་། ཡུལ་དངོས་ནས་ལས་ཞུགས་ལས་གནས650མཁོ་འདོན་བྱས་པ་དང་། མི་གྲངས1053གྱིས་ཐོ་འགོད་བྱས་པའི་ཁྲོད་མི་གྲངས263གྱིས་མི་བཀོད་སྡེ་ཁག་དང་ལས་ཞུགས་ཀྱི་ཐོག་མའི་འདོད་འདུན་ཐོག་བབས་པ་མ་ཟད། ལས་ཞུགས་ཀྱི་འདོད་འདུན་ཡི་གེར་མིང་རྟགས་ཀྱང་བཀོད་པ་རེད།

ཚོགས་འདིའི་ཐོག་ལས་ཞུགས་སྲིད་ཇུས་བློ་འདྲི་ས་ཚུགས་དང་། སྤྱི་ཚོགས་འགན་བཅོལ་བློ་འདྲི་ས་ཚུགས། ཐོ་འགོད་ས་ཚུགས། ལས་རིགས་མཛུབ་ཁྲིད་ས་ཚུགས་བཅས་བཙུགས་ནས། ལས་ཀ་འཚོལ་མཁན་ལ་བློ་འདྲི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད། ཚོགས་རར་ད་དུང་ཆེད་དུ་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་ས་ཚུགས་བཙུགས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆེད་དམིགས་ལས་མི་མངགས་ནས་ཡུལ་དངོས་སུ་དབང་པོ་སྐྱོན་ཅན་ལས་ཞུགས་སྲིད་ཇུས་བློ་འདྲི་ས་ཚུགས་དང་། སེམས་ཁམས་བློ་འདྲི་ས་ཚུགས། ལས་རིགས་འཇོན་ཐང་ཚད་ལེན་ཚོད་ལྟ་དང་དཔྱད་སྡུར་གཏན་འབེབས་ས་ཚུགས། གླ་བདག་གསོ་སྦྱོང་ས་ཚུགས་བཅས་བཙུགས་ནས་དབང་པོ་སྐྱོན་ཅན་ལས་ཀ་འཚོལ་མཁན་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུས་པ་རེད།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།