མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དགོན་པ་དང་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་མེ་འགོག་བདེ་འཇགས་ཆེད་དོན་བྱ་བའི་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་10ཚེས་15ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དགོན་པ་དང་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཁག་གི་མེ་འགོག་བདེ་འཇགས་ཆེད་དོན་བྱ་བའི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུ་ལས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དགོན་པའི་མེ་འགོག་བདེ་འཇགས་ལས་དོན་ལེགས་པོར་སྒྲུབ་དགོས་སྐོར་གྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། ལས་དོན་བྱེད་ཐབས་ལ་ཤུགས་བསྣན་ཏེ་ཞིང་ཆེན་ཡོངས་ཀྱི་དགོན་པ་དང་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཁག་གི་མེ་འགོག་བདེ་འཇགས་ལས་དོན་ཏན་ཏིག་གིས་ལེགས་པར་སྒྲུབ་དགོས་པར་བསྟན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་གསུང་དོན། དགོན་པ་དང་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཁག་གི་མེ་འགོག་བདེ་འཇགས་ལས་དོན་ནི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་འབྱོར་གྱི་བདེ་འཇགས་དང་འབྲེལ་ཡོད་པར་མ་ཟད། རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལའང་འབྲེལ་ཡོད། དེ་བས་ངོས་ཟིན་ཇེ་མཐོ་དང་ཁྱོན་ཡོངས་སྐུལ་སློང་བྱས་ནས། དགོན་པ་དང་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཁག་གི་མེ་འགོག་བདེ་འཇགས་ལས་དོན་ལེགས་པོར་སྒྲུབ་པའི་ཆབ་སྲིད་འགན་འཁྲིའི་འདུ་ཤེས་དང་ལས་དོན་གྱི་དགོས་གལ་འདུ་ཤེས་ཤུགས་ཆེར་གཏོང་བ། གཞི་རིམ་གྱི་ལས་བྱེད་རུ་ཁག་དང་དགོན་པའི་གྲྭ་པ། རིགས་སོ་སོའི་མང་ཚོགས་ཀྱི་མེ་འགོག་བདེ་འཇགས་ནུས་པའི་གསོ་སྦྱོང་ལ་ཤུགས་སྣོན་པ། མེ་འགོག་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་ཁྱབ་སྤེལ་བྱས་ནས་འགོག་སྲུང་འདུ་ཤེས་མཐོར་འདེགས་བྱེད་དགོས། དགོན་པ་ནི་མེ་འགོག་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་ཡིན་པའི་ཆ་ནས། མེ་འགོག་བདེ་འཇགས་ཀྱི་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བགྱིས་ཏེ། ད་ཡོད་ཀྱི་མེ་འགོག་སྒྲིག་ཆས་དོ་དམ་དང་བེད་སྤྱོད་ཏན་ཏིག་བྱས་ནས་ཁྱོན་ཡོངས་ནས་དགོན་པའི་མེ་སྐྱོན་འགོག་སྲུང་གི་ནུས་པ་མཐོར་འདེགས་གཏོང་དགོས་པར་བསྟན། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།