ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ནག་སེལ་ངན་འཇོམས་”ཀྱི་ཆེད་དམིགས་འཐབ་རྩོད་འགོ་བརྩམས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེ་ལས་ཁུངས་ཀྱིས་“རལ་གྲིའི་”ཆེད་དམིགས་བྱ་འགུལ་གཏིང་ཟབ་པར་སྤེལ་ཞིང་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ནག་ཉེས་ལ་རྡུང་རྡེག་ཚ་ནན་བཏང་། ཉེ་ཆར། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་68.5ལ་ཟིན་པའི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཚོགས་པ་ཆེན་པོའི་གྱོད་དོན་བརྟོལ་ཏེ། མཱ་ཆེ་གེ་མོ་གཙོ་བྱས་བའི་དོགས་ཡོད་ཉེས་ཅན་མི་4བཟུང་ཞིང་། ཟླ་10བའི་ཚེས་11ཉིན་གྱི་དགོང་མོར་ཚོགས་པ་དེའི་ཚོགས་མི་ཀོང་ཞི་ནས་བཟུང་སྟེ་ཁྲིམས་ལ་སྦྱར།
ཟླ་9བའི་ཚེས་11ཉིན་གྱི་ཆུ་ཚོད་18ཡས་མས་སུ། གུང་ཧོ་རྫོང་སྤྱི་བདེ་ཅུའུ་ཡི་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཁོངས་གཏོགས་ས་ཁུལ་གྱི་ཀུང་སི་ག་གེ་མོའི་ནོར་དོན་མི་སྣ་ཅའེ་ཆེ་གེ་མོས་གྱོད་དོན་ཞུས་ཏེ། ཉིན་དེའི་ཆུ་ཚོད་14ཡས་མས་སུ་ལས་གྲོགས་ཀྱི་ངོ་སྤྲོད་འོག་མིང་ལ་“པའོ་ཨན་འཛུགས་སྐྲུན་བྱ་བའི་ཚོགས་པ་”ཞེས་པའི་QQ་ཚོགས་པ་ཞིག་ལ་ཞུགས། ཚོགས་པ་དེའི་ནང་དུ་སྤྱིན་བདག་ཡིན་ཁུལ་གྱི་མི་ཞིག་གིས་མོར་ལས་གཞི་ག་གེ་མོའི་གན་རྒྱའི་གཏའ་དངུལ་སྒོར་ཁྲི་68.5ཕྱིར་སློག་རྒྱུ་དང་གཏན་འཁེལ་གྱི་དངུལ་བྱང་དུ་སྐུར་དགོས་པའི་ཆ་རྐྱེན་བཏོན། ཅའེ་ཆེ་གེ་མོས་ཞིབ་དཔྱད་མ་བྱས་པར་གན་རྒྱའི་གཏའ་དངུལ་གཏན་འཁེལ་གྱི་དངུལ་བྱང་དུ་སྐུར་རྗེས་ད་གཟོད་མགོ་སྐོར་ཐེབས་པ་ཚོར་ལ་དེ་མུར་ཉེན་རྟོག་པར་གཏུག ཉེན་བརྡ་འབྱོར་རྗེས་གུང་ཧོ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་གོང་རིམ་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་མགྱོགས་མྱུར་ངང་ཐབས་ཇུས་གཏན་ཁེལ་དང་ཁུངས་སྣེ་གཏན་འཛིན་བྱས་ཏེ་གྱོད་དོན་གྱི་དོགས་ཡོད་ཉེས་ཅན་གཏན་འཁེལ་བྱས། ཀོང་ཞི་དང་ཀོང་ཏུང་གི་སྤྱི་བདེ་ལས་ཁུངས་ཀྱི་རོགས་འདེགས་འོག་སྔ་རྗེས་སུ་དོགས་ཡོད་ཉེས་ཅན་4འཛིན་བཟུང་བྱས་ཤིང་། གྱོད་འབྲེལ་ཅོག་ངོས་གློག་ཀླད་གཅིག་དང་ཟིན་བྲིས་གློག་ཀླད་གསུམ། ལག་འཁྱེར་ཁ་པར་བཅུ་གསུམ། དངུལ་བྱང་ལྔ་དང་དྲ་འབྲེལ་ཆས་གཅིག་སོགས་བཙན་ཉར་བྱས་ཤིང་། གྱོད་འབྲེལ་དངུལ་གྲངས་སྒོར་ཁྲི་30ལྷག་བསྡམས་བཅད་བྱས།
གྱོད་དོན་འདི་མྱུལ་ཞིབ་བྱེད་པའི་གོ་རིམ་ཁྲོད་དུ། ཉེན་རྟོག་པས་“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བཅངས་”བའི་བརྗོད་དོན་སློབ་གསོའི་སློབ་སྦྱོང་གི་གྲུབ་འབྲས་དེ་ཉེད་ཅན་ལ་རྡུང་རྡེག་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་ཞིང་། ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་འོས་འགན་འདུ་ཤེས་དྲག་པོས་བསྟུད་མར་འཐབ་རྩོད་བྱས་ཤིང་། སྤྱི་བདེ་ལས་ཁུངས་ཀྱི་རྣམ་འགྱུར་དང་ཟིལ་ཤུགས་མངོན་པས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེན་ཅན་ལ་ནུས་ཤུགས་ལྡན་པའི་སྒོ་ནས་ཉེན་བརྡ་བཏང་། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་དང་ཀོང་ཞི་ཀོང་ཏུང་ཕྱོགས་གསུམ་གྱི་ཉེན་རྟོག་པས་མཉམ་འབྲེལ་སྒོས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཚོགས་པ་ཆེན་པོའི་གྱོད་དོན་བརྟོལ་བ།