མགོ་ལོག་ཁུལ་དང་དམངས་སྤྱོད་མཁའ་འགྲུལ་སྡེ་ཁག་གིས་འཐབ་ཇུས་མཉམ་ལས་ཀྱི་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་10བའི་ཚེས་9ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་མགོ་ལོག་གནམ་གྲུ་འབབ་ཚིགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“མགོ་ལོག་ཁུལ་དང་དམངས་སྤྱོད་མཁའ་འགྲུལ་སྡེ་ཁག་གི་འཐབ་ཇུས་མཉམ་ལས་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ”ཟི་ལིང་དུ་དངོས་སུ་སྤེལ་འགོ་ཚུགས་པ་དང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་། ཤར་ཕྱོགས་མཁའ་འགྲུལ་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་སི་དང་མཚོ་སྔོན་གནམ་ཐང་ཀུང་སིས“ལེགས་ཆ་འདོན་སྤེལ་དང་། ཕན་ཚུན་སྐུལ་འདེད། ཡུན་རིང་མཉམ་ལས། གཉིས་ཕན་མཉམ་གནས”བཅས་ཀྱི་རྩ་དོན་ལ་གཞིགས་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ཤར་ཕྱོགས་མཁའ་འགྲུལ་ཟི་ལིང་གནམ་གྲུའི་རུ་ཁག་དང་། ཟི་ལིང་གནམ་ཐང་གི་ཁྱམས་ཟམ། མགོ་ལོག་གནམ་ཐང་བཅས་ས་ཁུལ་གསུམ་དུ་དུས་གཅིག་ཏུ་མགོ་ལོག་ཁུལ་གྱི་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་དྲིལ་བསྒྲགས་བྱས་པ་རེད།

ད་ཐེངས་ཀྱི་མཉམ་ལས་ནང་ཆ་འཕྲིན་ཐོན་ཁུངས་དང་། ཁྱབ་སྤེལ་ཐོན་ཁུངས། ཁྲོམ་རའི་ཐོན་ཁུངས། ཞབས་ཞུའི་ཐོན་ཁུངས་བཅས་ཐད་ཀྱི་རང་སོ་སོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་། ཕྱོགས་བསྡུས་འགྲན་རྩོད་ནུས་པ་དང་སྣང་བརྙན་ཧུར་ཐག་བཏོད་པ། ཁྱད་ལྡན་རིག་གནས་ཀྱིས་རང་སོ་སོའི་ཁྱབ་ཁོངས་ནང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བ། ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་རྣམ་པ་གསར་པ་བཏོད་པ། འཕེལ་རྒྱས་གཏོང་སྟངས་གསར་པ་གསར་གཏོད་དང་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།