ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་འཇོན་ཐང་ཇེ་མཐོར་གཏང་བའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གཞུང་དོན་ཁང་གིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཁྲིམས་འཛིན་ཐིན་དང་མཉམ་དུ་གཙོ་གཉེར་བྱས་པ་དང་། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱིས་སྒྲུབ་འགན་འཁུར་བའི་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་འཇོན་ཐང་མཐོ་རུ་གཏང་བའི་གསོ་སྦྱོང་འཛིན་གྲྭ་པེ་ཅིང་དུ་གཉེར་བ་དང་། ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཁོངས་མིའི་ཚན་པ་ཁག་དང་། ཁྲིམས་སྐྱོང་བྱ་བ་དང་ཁྲིམས་སྐྱོང་སྒྲིག་གཞིའི་འགན་འཁུར་བ་ཁྱོན་བསྡོམས་མི80ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད། 

ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་བདུན་ཡིན་ཞིང་། ཀྲུང་དབྱང་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དང་། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན། ཁྲིམས་འཛིན་པུའུ་སོགས་སློབ་གླིང་དང་འབྲེལ་ཡོད་སྡེ་ཚན་གྱི་བཅའ་ཁྲིམས་ཆེད་ལས་ཁམས་པ་དང་ལས་རིགས་མཁས་པ་སོགས་གདན་དྲངས་ནས་སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་རེད། དེའི་ནང《རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་དེང་རབས་ཅན་དང་རྩ་ཁྲིམས་ལྟར་རྒྱལ་སྐྱོང》དང་། 《སྲིད་འཛིན་ཁྲིམས་འཛིན་ཚད་ལྡན་ཅན་འཛུགས་སྐྲུན》《ལམ་ལུགས་དང་ལས་ཀ》《ཁྲིམས་སྐྱོང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ》སོགས་སློབ་ཁྲིད་ཀྱི་ནང་དོན་ཚུད་པ་མ་ཟད། ཚོ་ཆུང་ཁག་བགོས་གྲོས་བསྡུར་དང་ཡུལ་དོངས་ནས་སློབ་ཁྲིད་བྱེད་པ་སོགས་ཀྱི་སློབ་ཁྲིད་བྱེད་སྟངས་བརྒྱུད། གསོ་སྦྱོང་ནང་ཞུགས་མཁན་མི་སྣར་སློབ་གསོ་ཁྲིད་སྟོན་བྱས་ཏེ། བསམ་བློ་དང་ལག་ལེན་དེ་ཁྲིམས་སྐྱོང་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ལས་ཀའི་འཇོན་ཐང་དང་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ནན་གྱིས་ཁྲིམས་ལག་བསྟར།ཁྲིམས་འཛིན་འདྲ་མཉམ། དམངས་ཡོངས་ཀྱིས་ཁྲིམས་སྲུང་བྱ་བ་ཁག་དམ་སྲུང་བྱས་ནས་སྐས་རིམ་གསར་པ་ཞིག་ཏུ་བསླེབས་པར་བརྩོན་ལེན་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།