མཚོ་སྔོན་ཞིང་ཆེན་གྱིས་ལས་རིགས་ལག་རྩལ་མཐོར་འདེགས་བྱེད་པའི་ཇུས་གཞི་བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་རྩལ་ནུས་མཐོར་འདེགས་སུ་གཏོང་བའི་ལས་འགུལ་ལག་བསྟར་ཇུས་གཞི(2019ལོ་ནས2021ལོའི་བར)》དཔར་འགྲེམས་བྱས་ཤིང་། 2019ལོ་ནས2021ལོའི་བར་དུ། ལས་ཤོར་འགན་སྲུང་ཐེབས་རྩའི་ལྷག་འཕྲོའི་ཁྲོད་ནས་བླངས་བའི་མ་དངུལ་སྒོར་དུང་ཕྱུར6བེད་སྤྱད་དེ། ལོ་གསུམ་གྱི་རིང་ལ་རིགས་མི་འདྲ་བའི་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས་ཁྲི30ཡན་དང་། དེའི་ཁྲོད2019ལོའི་གསོ་སྦྱོང་མི་ཐེངས་ཁྲི10ཡོད་པ་རེད།

《ཇུས་གཞིའི》ནང་དུས་ཚོད་རེའུ་མིག་ཁ་གསལ་བཟོས་ནས2021ལོའི་ལོ་མཇུག་ཏུ་བསླེབས་སྐབས་རྩལ་ནུས་ངལ་རྩོལ་པས་ལས་ཞུགས་མི་སྣའི་བསྡོམས་འབོར་ནང་བཟུང་བའི་བསྡུར་གྲངས25%ཡན་ཟིན་པ་དང་། ཤེས་ལྡན་མི་སྣས་རྩལ་ནུས་ངལ་རྩོལ་པའི་བསྡུར་གྲངས་བཟུང་ཚད30%ཡན་ཟིན་པ་བྱ་རྒྱུ་རེད། ལས་རིགས་རྩལ་ནུས་མཐོར་གཏོང་གི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ཁྱབ་རྒྱ་ཇེ་ཆེ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། གསོ་སྦྱོང་གི་གཞི་ཁྱོན་དང་གྲངས་འབོར་ཆེ་རུ་གཏོང་བ། ལྷག་པར་དུ་ཁེ་ལས་ཀྱི་ལས་བཟོའི་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་དང་ལས་གནས་གཞན་སྒྱུར་གྱི་གསོ་སྦྱོང་། ལས་ཞུགས་ཀྱི་གཙོ་གནད་ཚོགས་སྤྱིའི་གསོ་སྦྱོང་དང་ལས་གཏོད་གསོ་སྦྱོང་། ངལ་རྩོལ་ནུས་ཤུགས་ཞན་པ་དང་དང་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་གི་ལས་ཞུགས་རྩལ་ནུས་བཅས་ལ་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད། 

《ཇུས་གཞིའི》ནང་འཚོ་བའི་གྲོན་དངུལ་དང་། འགྲིམ་འགྲུལ་གྲོན་དངུལ། ལག་རྩལ་དགེ་རྒན་གསོ་སྦྱོང་སོགས་ཀྱི་ཁ་གསབ་ཚད་གཞི་དང་ཁྱབ་ཁོངས་མཐོ་རུ་བཏང་བ་དང་། ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། དབུལ་སྐྱོར་འཁོར་ཁང་སོགས་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱིས་ངལ་རྩོལ་ནུས་ཤུགས་དབུལ་པོ་ལས་ཞུགས་བསྡུ་ལེན་བྱེད་པ་དང་འབྲེལ་ལས་མིས་གསོ་སྦྱོང་བྱེད་པ་དང། ་དེ་བཞིན་ཁེ་ལས་ཀྱིས་དགེ་ཕྲུག་ལམ་ལུགས་གསར་པའི་གསོ་སྦྱོང་བྱེད་པའི་ཁ་གསབ་ཚད་གཞི་ཁ་གསལ་བཟོས་པ། དེ་སྔའི་ཁ་གསབ་ཐེངས1ལས་ལོངས་སུ་སྤྱོད་རྒྱུ་མེད་པའི་ཚད་བཀག་མེད་པ་བཟོས་པ་སོགས་རེད། 

《ཇུས་གཞི》ལག་བསྟར་བྱས་པ་དེས་རིགས་མི་འདྲ་བའི་ངལ་རྩོལ་པའི་ལས་རིགས་རྩལ་ནུས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས་ཤེས་བྱའི་རྣམ་པ་དང་། རྩལ་ནུས་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་ངལ་རྩོལ་པའི་དཔུང་ཆེན་བསྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་གཏང་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་འདོན་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།