མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་དགུན་དུས་ཀྱི་དྲོད་ལེན་རོགས་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་དྲོ་སྐྱིད་ལྡན་པའི་འགན་ལེན་བྱ་ཆེད། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་ས་གནས་ཁག་གི་དམངས་སྲིད་སྡེ་ཁག་ལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དྲོད་ལེན་རོགས་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པའི་བླང་བྱ་བཏོན་ཏེ། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་གྲོང་ཁྱེར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོར་བྱ་ཡུལ་མི་རེར་ལོ་རེར་སྒོར1000དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོར་བྱ་ཡུལ་མི་རེར་ལོ་རེར་སྒོར800ཡི་ཚད་གཞིར་གཞིགས་ནས། ཟླ10ཚེས15ཉིན་གྱི་སྔོན་དུ་དྲོད་ལེན་རོགས་སྐྱོར་མ་དངུལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལག་ཏུ་སྤྲོད་རྒྱུ་རེད། དེ་དང་ཆབས་ཅིག་དཀའ་ངལ་ཡོད་པའི་ཚོགས་སྤྱི་གཞན་དག་གི་གཞི་རྩའི་འཚོ་བར་དོ་ཁུར་དམ་ཟབ་ཀྱིས། དགུན་དུས་དྲོད་ལེན་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་དུས་ཐོག་ཏུ་གནས་སྐབས་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་གནད་དོན་ཐག་གཅོད་བྱེད་རྒྱུ་རེད།

མིག་སྔའི་བར་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མགོ་ལོག་ཁུལ། མཚོ་ནུབ་ཁུལ་བཅས་ཀྱིས་དྲོད་ལེན་རོགས་སྐྱོར་མ་དངུལ་སྤྲོད་པའི་ལས་དོན་ལེགས་གྲུབ་ཟིན་པ་དང་། ད་དུང་རོགས་སྐྱོར་མ་དངུལ་སྤྲད་མེད་པའི་ས་ཁུལ་གྱིས་ཉེ་ཆར་རོགས་སྐྱོར་མ་དངུལ་དུས་ཐོག་ཏུ་སྤྲོད་རྒྱུ་རེད། ད་ཐེངས་ཀྱི་དགུན་དུས་དྲོད་ལེན་རོགས་སྐྱོར་སྲིད་ཇུས་ཀྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི13.65ལ་ཕན་ཁེ་བསྐྲུན་པ་དང་། སྔོན་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར1.2གཏོང་རྒྱུ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།