མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་ནུས་པ་མཐོར་འདེགས་ཀྱི་གསོ་སྦྱོང་འཛིན་གྲྭ་འཚོགས་འགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་10ཚེས་10ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གཞུང་ལས་ཁང་གིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་ཁྲིམས་འཛིན་ཐིང་གཉིས་དང་མཉམ་འབྲེལ་གྱིས་གཙོ་སྐྱོང་གནང་ཞིང་། ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱིས་རོགས་སྒྲུབ་བགྱིས་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་ནུས་པ་མཐོར་འདེགས་ཀྱི་གསོ་སྦྱོང་འཛིན་གྲྭ་པེ་ཅིང་དུ་འཚོགས་འགོ་ཚུགས། ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་སྡེ་ཁག་སོ་སོའི་མི་སྣ་དང་། འགན་བགོས་ཁྲིམས་སྐྱོང་ལས་དོན་དང་ཁྲིམས་སྐྱོང་ལས་ཁུངས་ཀྱི་འགན་འཁུར་པ་བཅས་བསྡོམས་པའི་མི་80ལྷག་གསོ་སྦྱོང་ལ་ཞུགས།

ཞིང་ཆེན་ཁྲིམས་འཛིན་ཐིང་གི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་ནི་ཉིན་བདུན་རིང་ཡིན་ཞིང་། ཀྲུང་དབྱང་ཏང་གི་སློབ་གྲྭ་(རྒྱལ་ཁབ་སྲིད་འཛིན་སློབ་གླིང་)དང་། ཀྲུང་གོའི་ཁྲིམས་འཛིན་སློབ་ཆེན། ཁྲིམས་འཛིན་པུའུ་སོགས་སློབ་གླིང་དང་འབྲེལ་ཡོད་སྡེ་ཁག་གི་བཅའ་ཁྲིམས་ཆེད་མཁས་པ་དང་། ལས་རིགས་དཔུང་སྡེའི་ཕུལ་བྱུང་མི་སྣ་ཆེད་དུ་གདན་དྲངས་ནས་འཆད་ཁྲིད་གནང་བ་དང་། ཁྲིད་གཞི་ལ་《རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་དེང་རབས་ཅན། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ།》 ཞེས་པ་དང་། 《སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་ཅན་འཛུགས་སྐྱོང་།》 《བཅའ་ཁྲིམས་བློ་འདྲི་ལམ་ལུགས་དང་ལས་དོན་དངོས་འབེབས།》 《ཁྲིམས་སྐྱོང་ཚོང་གཉེར་ཁོར་ཡུག་ལེགས་བཅོས་》སོགས་ཡོད་པས་སློབ་ཁྲིད་ནང་དོན་ཕུན་སུམ་ཚོགས་པར་མ་ཟད། ཚན་ཆུང་བགོས་ནས་བགྲོ་གླེང་དང་དངོས་བཅར་སློབ་ཁྲིད་སོགས་རྣམ་པ་སྣ་ཚོགས་ཀྱི་སློབ་ཁྲིད་བྱེད་སྟངས་བརྒྱུད། གསོ་སྦྱོང་ལ་ཞུགས་མཁན་རྣམས་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་སྟེང་བསམ་སྦྱོར་གཅིག་མཐུན་ཡོང་བར་སློབ་གསོས་སྣེ་ཁྲིད་དེ། སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་ནུས་ཚད་ཇེ་མཐོར་གཏོང་བ་དང་། ཁྲིམས་འཛུགས་ཚན་རིག་དང་མཐུན་པ། ཁྲིམས་བསྟར་གཟབ་ནན། ཁྲིམས་འཛིན་དྲང་པོ། དམངས་ཡོངས་ཁྲིམས་སྲུང་གི་ལས་དོན་སོ་སོ་སྔར་བས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།