མཚོ་སྔོན་གྱིས་ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྗེས་དྲན་ཞུ་བའི་འགྲེམ་སྟོན་དང་འཁྲབ་སྟོན་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ལོ་ཆུང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ནས། གོང་དཀྲིས་དམར་པོ་ཏང་ལ་ཕྱོགས་པར་བརྩོན་ནས་དུས་རབས་གསར་པའི་རུ་མི་ཡག་པོ་ཞིག་བྱེད་དགོས་ཞེས་པའི་ཞིང་ཆེན་ཡོངས་ཀྱི་ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྗེས་དྲན་ཞུ་བའི་འགྲེམ་སྟོན་དང་འཁྲབ་སྟོན་བྱ་འགུལ་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་བྱ་འགུལ་སྟེང་ཞུགས་ཏེ། མཚོ་སྔོན་གྱི་ཕུལ་བྱུང་ན་ཆུང་གདོང་ལེན་རུ་མི་དང་ཟུར་ཁྲིད་པའི་འཐུས་མིར་འཚམས་འདྲི་བྱས།

ཀྲང་ལིས་ཀྱིས་བསྟན་དོན། ན་ཆུང་བྱིས་པ་རྣམས་ནི་མེས་རྒྱལ་གྱི་མ་འོངས་པ་ཡིན་ལ། ན་ཆུང་གདོང་ལེན་རུ་ཁག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཐབ་ཇུས་གྲ་སྒྲིག་རུ་ཁག་ཡིན། རེ་བ་ཡིན་ན་ན་ཆུང་གདོང་ལེན་རུ་ཁག་གི་རུ་མི་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་མེས་རྒྱལ། ཕ་ཡུལ། སློབ་སྦྱོང་བཅས་ལ་དགའ་ཞེན་བཅངས་ནས། སྔོན་རབས་པའི་གསར་བརྗེ་སྙིང་སྟོབས་ཀྱི་མཛུབ་སྟོན་འོག་ནས། ཆུང་དུས་ནས་བཟུང་ཏང་གི་གསུང་ལ་ཉན་ཞོར་ཏང་གི་རྗེས་སུ་འབྲང་བར་བརྩོན་ཏེ། ལག་ལེན་གྱི་སྦྱོར་དངོས་ལ་བརྟེན་ནས་དམར་པོའི་གཞི་རྒྱུ་མི་རབས་ནས་མི་རབས་སུ་རྒྱུན་འཛིན་བྱས་ནས། ཕ་ཡུལ་འཛུགས་སྐྲུན་དང་མེས་རྒྱལ་ལ་དྲིན་ལན་འཇལ་བར་སྤྱོད་སྒོ་ཡོད་པའི་ཤེས་ལྡན་མི་སྣ་ཞིག་ཏུ་འགྱུར་བར་བྱེད་རྒྱུ་དང་། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པ་རྣལ་མ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།