ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་མང་ཚོགས་ཁྲོད་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་ཐག་གཅོད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་གྱིས་ལས་ཀའི་དོན་དངོས་ལ་གཞི་ཚུགས་ཏེ་དག་ཐེར་གནད་དོན་གྱི་གསལ་ཐོ་ལ་ཞིབ་དཔྱད་དང་། བྱེད་ཐབས་གཏན་འཁེལ། སྤུས་ཚད་ལ་མཐོང་ཆེན། དག་ཐེར་ལ་དམ་འཛིན་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་རེད།

འཚེ་མེད་སྐྱེ་ལྡན་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱ་དགོས་པ་སྟེ། ཞིང་ལས་དང་ཞིང་སྡེ་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག《འཚེ་མེད་ཞིང་ཕྱུགས་ཐོན་རྫས་ཀྱི་ཞིང་ཆེན་བསྐྲུན་སླད་མཚོ་སྔོན་གྱིས་དེ་འབྲེལ་ཇུས་གཞི(2019ལོ་ནས་2023ལོ་བར)》པར་འགྲེམས་བྱས་ཏེ་ཕྱོགས་བཞིའི་ཐད་ནས་བྱ་བར་བཀོད་སྒྲིག་བརྒྱབ།

ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་གཏང་བ་དང་། ཞིང་སྡེའི“གསང་སྤྱོད་གསར་བརྗེ”བརྟན་པོའི་ངང་སྐུལ་འདེད་གཏང་བ། ཞིང་སྡེའི་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་བས།ཞིང་སྡེའི་བཙོག་སེལ་ཞན་གསུམ་གྱི་གནད་དོན་བཀག་འགོག་ནུས་ལྡན་བྱེད་ཐུབ་ཡོད་ལ། ཞིང་ཆེན་རིམ་པ་ཡན་གྱི་མ་དངུལ་གཏོང་འཇོག་སྒོར་དུང་ཕྱུར16.53དོན་འཁྱོལ་བྱས་ནས། སྡེ་བ500ཡི་ནང་ཞིང་སྡེ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཤིང་། སྡེ་བ300ཡིས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་བྱས་པར་མ་ཟད། སྡེ་བ100དང་ཞང་གྲོང6གིས་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་ཚོད་ལྟའི་དཔེ་སྟོན་བྱས་ཡོད། ད་ལྟ་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་ལས་གཞི248ལས་འགོ་ཚུགས་པ་དང་ལས་འགོ་འཛུགས་ཚད83%ཟིན་པ་དང་། གསང་སྤྱོད་ཁང་ཁྲི7ལྷག་ཙམ་སྒྱུར་བཀོད་བྱས་པ་དང་ལས་འགོ་འཛུགས་ཚད་9%ཟིན་ནས་གསང་སྤྱོད་ཁང་ཁྲི3.92བསྐྲུན་པ་རེད། གཙང་སྦྲའི་བྱ་སྤྱོད་ཁྲོད་ཞིང་སྡེ་ཡི་འཚོ་བའི་གད་སྙིགས་ཏུན་ཁྲི40ལྷག་ཙམ་གཙང་སེལ་བྱས་པ་དང་། གང་བྱུང་དུ་འཛུགས་སྐྲུན་བྱ་ཡུལ་ཁྲི2ལྷག་ཙམ་བཤིག་པར་མ་ཟད། གད་སྙིགས་ཕུང་གསོག་ཐེབས་ས175བཅོས་སྒྲིག་བཅས་བྱས་པས་བཅོས་སྒྲིག་བྱེད་ཚད72.3%ཟིན་ཡོད་པ་རེད།

ཁྱད་ལྡན་ཐོན་ལས་ཕྱོགས་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་ས། 《འབྲི་གཡག་དང་ནས་ཐོན་ལས་ཀྱི་ལོ་གསུམ་བྱ་སྤྱོད་འཆར་གཞི(2018ལོ་ནས་2020ལོ་བར)》ལག་བསྟར་བྱས་ནས་འབྲི་གཡག་ལས་རིགས་ཀྱི་ཚད་གཞི་ཁག7དང་ནས་ཀྱི་ཚད་གཞི་ཁག་2འདུན་ཞུ་བྱས་པ་དང་འབྲི་གཡག་ཐོན་ལས་ཅན་གྱི་དཔེ་སྟོན་གླིང་5དང་ས་མཐོའི་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་སོགས་འཛུགས་སྐྲུན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་ཡོད་པ་རེད། ནས་ཀྱི་ཐོན་རྫས་གསར་པ5བསྐྲུན་པ་དང་ནས་ཀྱི་འདེབས་གསོའི་རྟེན་གཞི་མུའུ་ཁྲི་6(སྤྱི་ཆིང་ཁྲི་0.4)བསྐྲུན་པས་རྩེ་ཁོག་རྫོང་འབྲི་གཡག་ཐོན་ལས་གླིང་དེ་རྒྱལ་ཁབ་རིམ་པའི་དེང་རབས་ཐོན་ལས་གླིང་དུ་བཅུག་ནས་འབྲི་གཡག་ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་། སྤུས་རྟགས་སྐྱེད་སྲིང་བཅས“མ་ལག་ཆེ་གྲས་བཞི”རིམ་བཞིན་ཆགས་ཡོད་པ་རེད།

ཀྲུང་དབྱང་གི་ཁོར་སྲུང་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་དོན་འཁྱོལ་གང་མགྱོགས་བྱ་དགོས་པ་སྟེ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་མཉམ་འབྲེལ་ཐོག《གནག་ལུག་བྱ་ཕག་སོགས་ཤ་ཟོག་གསོ་བཤའི་ཁྲོམ་ར་དག་སྒྲིག་གི་ཛ་དྲག་བརྡ་ཐོ》པར་འགྲེམས་བྱས་ནས་གསོ་ཚགས་བར་མཐོངས་ཀྱི་བཀོད་པ་སྔར་བས་ལེགས་སུ་གཏོང་བ་དང་རྒྱུན་མཐུད་ཐུབ་པའི་འབྲོག་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ཡིན་པ་རེད། གཞི་ཁྱོན་ལྡན་པའི་གསོ་ཚགས་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་6000བཀོད་སྒྲིག་བྱས་པ་དང་། གཞོང་ཐང་རྫོང་དང་།ལུང་མདོ་རྫོང་།སོག་རྫོང་བཅས་རྫོང་3དུ་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ཀྱི་བེད་མེད་དངོས་པོ་བེད་སྤྱོད་གཏོང་བའི་ཚོད་ལྟའི་འཛུགས་སྐྲུན་བྱས་ནས་སྲ་གཟུགས་བཤང་གཅི་གཅིག་སྡུད་ལས་སྣོན་བེད་སྤྱོད་སོགས་ཀྱི་རྣམ་པ་འཚོལ་ཞིབ་དང་ཁྱབ་གདལ་བཏང་བར་མ་ཟད། མཚོ་ནུབ་དང་། མཚོ་ལྷོ།མཚོ་བྱང་གི་གསོ་ཚགས་བྱེད་མི་ཆོག་པའི་ཁུལ་ཕྱིའི་ཞིང་ཆེན་རིམ་པས་གཏན་འཁེལ་བྱས་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་གཞི་ཁྱོན་གསོ་ཚགས་ར་བ110ལ་ལྕི་བ་དང་བཙོག་པས་སྦགས་པའི་སྒྲིག་ཆས་སྒྱུར་བཀོད་བྱས་ནས་གཞི་ཁྱོན་ལྡན་པའི་གསོ་ཚགས་ར་བའི་བེད་མེད་དངོས་པོ་འབྱུང་རྩ་ནས་ཉུང་དུ་འགྲོ་བའི་ནུས་པ་ཆེ་རུ་བཏང་བ་རེད།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།