རྟ་ཐང་རྫོང་གིས་བཙོག་ཆུ་བཅོས་སྒྲིག་ལ་ཤུགས་བརྒྱབ་ནས་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་བ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་ཆེད། རྟ་ཐང་རྫོང་གིས་དོན་དངོས་ཟུང་འབྲེལ་དང་། གཅིག་གྱུར་འཆར་འགོད། གནད་འཁེལ་ཏན་ཏིག་བཅས་ཀྱི་སྒོ་ནས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་བྱ་བར་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ལ་སྔར་ལས་མང་བའི་བདེ་སྣང་དང་སྐྱིད་ཚོར་སྦྱིན་པ་རེད།

མཚོ་སྔོན་ཞིང་ཆེན་རྟ་ཐང་རྫོང་གིས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་ལས་དོན་ཧུར་ཐག་སྒོས་སྤེལ་ནས་གྲོང་གསེབ་ཀྱི་དོན་དངོས་ཁྱད་ཆོས་ནས་འགོ་བཙུགས་ཏེ“མ་འཇོག་དངུལ་གཏོང་ཉུང་བ་དང་། མ་གནས་དམའ་བ། བསྐྱར་དུ་སྤྱོད་བདེ་བ། དོ་དམ་བྱེད་བདེ་བ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཐོག《རྟ་ཐང་རྫོང་གི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་ལག་བསྟར་ཇུས་གཞི》བཟོས་པ་རེད། 《རྟ་ཐང་རྫོང་གི་རྫོང་ཁོངས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ》སྒྲིག་བཟོ་ལེགས་གྲུབ་ཟིན་ནས་བཟོ་རྩལ་གདམ་ག་དང་། ལས་གྲྭ་ཇུས་འགོད། ཨར་ལས། འཁོར་སྐྱོད་དོ་དམ་སོགས་ཀྱི་ལྷུ་ཚིགས་སོ་སོ་ནས་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་རྟ་ཐང་རྫོང་ལ་འཚམ་པའི་ལག་རྩལ་གྱི་ཚད་གཞི་བཟོ་བ་དང་། གཙོ་གནད་མངོན་གསལ་དོད་པ།ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཆུའི་སྦགས་བཙོག་བཅོས་སྒྲིག་བྱས་ཏེ“འཛུགས་ཐུབ་པ་དང་། སྤྱོད་ཐུབ་པ། དོ་དམ་ཐུབ་པ། ཕན་ནུས་ལྡན་པ”བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱས་ཡོད་པ་རེད།

རྟ་ཐང་རྫོང་གིས་ད་དུང་གྲོང་ཚོའི་མི་འབོར་འདུས་ཚད་དང་། བཙོག་ཆུ་ཐོན་ཚད། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་སོགས་ཀྱི་ཆ་རྐྱེན་ལ་གཞིགས་ནས་བཟོ་གྲྭ་དང་། གཅིག་སྡུད་གཙང་སེལ། ཁྱིམ་ཚང་ཁ་ཐོར་ཉམས་གསོ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གྲོང་གསེབ་ཀྱི་བཙོག་ཆུ་སྐས་རིམ་བཞིན་བཅོས་སྐྱོང་བྱས་པ་དང་ཁྲང་ཉིང་གྲོང་རྡལ་ཧན་ཅ་ཧྲན་གྲོང་ཚོ་སོགས་ཀྱིས་རོང་འབྲོག་ཁུལ་གྱི་བཙོག་ཆུ་བཅོས་སྒྲིག་ཚོད་ལྟའི་གྲོང་ཚོའི་ལས་གཞི17ལག་བསྟར་བྱས་པ་དེ་ཁྱིམ་ཚང་2652དང་མི་གྲངས10755དང་འབྲེལ་བ་ཡོད་པ་རེད། ད་ལྟའི་བར་ཤིན་ཀྲོང་གྲོང་རྡལ་དང་ཁྲང་ཉིང་གྲོང་རྡལ་སོགས་ཤང་གྲོང་9ཡི་ཆའོ་ཐོའུ་གྲོང་རྡལ་གྱི་རྡོ་སོལ་ཏུང་གྲོང་ཚོ་དང་ལེའང་ཅའོ་ཤང་པའེ་ཡ་གྲོང་ཚོ་སོགས་སྲིད་འཛིན་གྲོང་ཚོ30རུ་སྒྲིག་བཀོད་འཛུགས་བསྐྲུན་བྱས་ཡོད་པ་རེད། འཆར་འགོད་ནང་གསར་དུ་བསྐྲུན་པའི་ཏུང་ཞ་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭ་དང་པེ་ཁྲོན་ཅའོ་བཙོག་ཆུ་གཙང་སེལ་བཟོ་གྲྭ་སོགས་ལས་གཞི་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

གཞན་ཡང་རྟ་ཐང་རྫོང་གིས་ད་དུང་ཞང་དང་གྲོང་རྡལ་ཁག་གི་གཙོ་གཉེར་འགོ་ཁྲིད་དང་། ཞང་དང་གྲོང་རྡལ་གྱི་དོ་དམ་པ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་བཅས་སྒྲིག་འཛུགས་བྱས་ནས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་སྲིད་ཇུས་དང་བཙོག་ཆུ་གཙང་སེལ་བྱས་རྗེས་ཀྱི་དོ་དམ་སྲུང་སྐྱོང་ཤེས་བྱ་དྲིལ་སྒྲོག་བྱས་པ་རེད། དེ་དང་ཆབས་ཅིག་ཞིང་པ་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་བཙོག་ཆུ་འབུད་ཚད་ཉུང་དུ་གཏོང་བ་དང་། ཕྱོགས་བསྡུས་ལ་བརྟེན་ནས་གོ་རིམ་ལྡན་པ་དང་། གྲོང་ཚོའི་རྣམ་པ་གཙང་བ། སྐྱེ་ཁམས་བཟང་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ཏེ་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་རྒྱུའི་འགན་ལེན་བྱས་པ་རེད།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།