མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་མགོ་ཁྲིད་དག་ལུས་རྩལ་པ་གྲགས་ཅན་ཀླུ་མོ་མཚོ་ཡི་ཁྱིམ་དུ་འཚམས་འདྲིར་ཕྱིན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ༡༠པའི་ཚེས་༡ཉིན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་༧༠འཁོར་བའི་རྒྱལ་སྟོན་གྱི་སྐབས་སུ། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་སྐལ་བཟང་ཚེ་རིང་དང་ལུས་རྩལ་ཅུའུའི་ཕྱི་ཕྱོགས་འབྲེལ་འདྲིས་མཉམ་འབྲེལ་ཁྲུའུ་ཡི་ཁྲུའུ་ཀྲང་སུང་ཨའེ་ཅུན། ཞིང་ཆེན་ལུས་རྩལ་ཅུའུ་ལུས་རྩལ་རུ་ཆེན་དང་པོའི་རུ་གཙོ་ཀའོ་ཆོན་ཚའེ། རུ་གཙོ་གཞོན་པ་ཀྲའོ་ཞི་མིང་སོགས་འགོ་ཁྲིད་མི་སྣ་དག་ཡ་རྫི་རྫོང་གི་ལུས་རྩལ་པ་གྲགས་ཅན་ཀླུ་མོ་མཚོའི་ཁྱིམ་ལ་འཚམས་འདྲིར་ཕྱིན་འདུག

ཅུའུ་ཀྲང་སྐལ་བཟང་ཚེ་རིང་གིས་ཀླུ་མོ་མཚོའི་ཁྱིམ་མི་ལ་སྨོན་འདུན་གྱི་ཁ་བཏགས་གཏོང་བཞིན་པ།

ཅུའུ་ཀྲང་སྐལ་བཟང་ཚེ་རིང་གིས་ཀླུ་མོ་མཚོའི་ཁྱིམ་གྱི་གནས་ཚུལ་ཞིབ་ཕྲའི་སྒོ་ནས་དྲིས་ཤིང་རྒྱུས་ལོན་བྱས། ཀླུ་མོ་མཚོ་ཡིས་༢༠༡༩ལོའི་ཏེ་ཧ(Doha)ཡི་མཚོང་རྒྱུགས་འཕེན་གསུམ་གྱི་འཛམ་གླིང་འགྲན་བསྡུར་ལས་སྤྱི་ལེ་༥༠ཅན་གྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད་དུ་དངུལ་གྱི་རྟགས་མ་བླངས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཁོ་ཚོར་རྒྱལ་སྟོན་གྱི་སྨོན་འདུན་ལེགས་པོ་ཡང་ཞུས།

ཀླུ་མོ་མཚོའི་ཁྱིམ་མི་དང་འགོ་ཁྲིད་དག་གི་མཉམ་པར།

ཀླུ་མོ་མཚོ་ནི་མཚོ་ཤར་གྲོང་ཁྱེར་ཡ་རྫི་རྫོང་རྡོ་སྦིས་བོད་རིགས་ཡུལ་ཚོའི་སྤྲེལ་ལུང་སྡེ་བ་ནས་སྐྱེས་པ་དང་ད་ལོ་རང་རྒྱལ་གྱི་ཚབ་བྱེད་ནས་སྤྱི་ལེ་༥༠ཅན་གྱི་འདུར་རྒྱུགས་འགྲན་བསྡུར་ལ་ཞུགས་པ་རེད། ཅུའུ་ཀྲང་སྐལ་བཟང་ཚེ་རིང་གིས་ཁོ་མོའི་འགྲན་བསྡུར་ར་བའི་ཁྲོད་ཀྱི་ཧུར་བརྩོན་གྱི་བློ་སྤོབས་དང་མདུན་སྐྱོད་ཀྱི་སྙིང་སྟོབས་ལ་བསྟོད་བསྔགས་བྱས་པ་དང་། རྗེས་ཕྱོགས་ཁྱིམ་མི་དག་གིས་མོའི་སྦྱོང་བརྡར་ལ་སེམས་ཁུར་དང་སྐུལ་སློང་བྱེད་དགོས་པ་དང་། ཀླུ་མོ་མཚོས་མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་ལུས་རྩལ་ལས་དོན་ལ་བྱས་རྗེས་བསྐྲུན་པའི་རེ་བཞག་ཆེ་ཞེས་བཤད།

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།