ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་ཞིང་ཆེན་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་ནས་ལོ་10ཙམ་གྱི་དུས་ཚོད་སྤྱད་དེ་སྲིད་འཛིན་དོ་དམ་དང་། ཆེད་ལས་ལག་རྩལ། གསར་གཏོད་ལས་གཏོད་བཅས་ཀྱི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ཏེ་གཞི་རིམ་འཕེལ་རྒྱས་ལ་རྒྱུན་མཐུད་བརྟན་ལྷིང་དང་ནུས་ལྡན་གྱི་སྒུལ་ཤུགས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
མཚོ་སྔོན་ཞིང་ཆེན་གྱིས“2019ལོ་ནས་2021ལོའི་བར་གྱི་གཞོན་ནུ་ལྟ་སྦྱོང་འཆར་གཞི”ལག་བསྟར་བྱེད་འགོ་བཙུགས་ནས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་ལོ་16ནས་24བར་གྱི་ལས་ཤོར་གཞོན་ནུ་དང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་1500ལས་ཞུགས་ལྟ་སྦྱོང་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ཏེ་ལས་གནས་ཀྱི་ལག་ལེན་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་ལས་ཞུགས་ནུས་པ་ཆེ་རུ་གཏོང་རོགས་བྱ་རྒྱུ་ཡིན་པ་རེད། མིག་སྔར་ཞིང་ཆེན་ཡོངས་སུ་མཐོ་སློབ་སློབ་ཐོན་སློབ་མའི་ལྟ་སྦྱོང་རྟེན་གཞི་120བཙུགས་ཡོད། དེའི་ནང་འདི་ལོའི་ལོ་སྟོད་དུ་ཞིང་ཆེན་ཡོངས་སུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞི་5གསར་དུ་བཙུགས་པ་དང་ལྟ་སྦྱོང་ལས་གནས་384མཁོ་འདོན་བྱས་པ་དང་ལྟ་སྦྱོང་དགོས་མཁོ་ཡོད་པའི་གཞོན་ནུ་330སྒྲིག་འཛུགས་བྱས་ནས་ལས་ཞུགས་ལྟ་སྦྱོང་ནང་ཞུགས་ཡོད་པ་རེད།
སྲིད་ཇུས་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ《མཚོ་སྔོན་ཞིང་ཆེན་གྱི་མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དུ་འཚར་ལོངས་ཡོང་བའི་འཆར་གཞིའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ཤིང་། ལག་བསྟར་ནུས་པ་དང་བྱང་ཚད་སྐྱེད་སྲིང་སོགས་འཆར་གཞི་ཁག་དྲུག་བརྒྱུད་ལོ་10ཙམ་གྱི་དུས་ཚོད་སྤྱད་དེ་སྲིད་འཛིན་དོ་དམ་དང་། ཆེད་ལས་ལག་རྩལ། གསར་གཏོད་ལས་གཏོད་བཅས་ཀྱི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ནས་གཞི་རིམ་འཕེལ་རྒྱས་ལ་རྒྱུན་མཐུད་བརྟན་ལྷིང་ནུས་ལྡན་གྱི་སྒུལ་ཤུགས་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ལས་དང་གྲོང་གསེབ་ཐིང་དང་མཉམ་དུ《མཐོ་སློབ་སློབ་ཐོན་སློབ་མས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་གཉེར་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་པའི་བྱ་ཐབས་འགའ་ཞིག》པར་འགྲེམས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མས་རང་ངོས་ཀྱི་ལེགས་ཆ་དང་ལེགས་ཆ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་དང་ལྕག་སྐུལ་བྱས་ཏེ་འདུ་ཤེས་གསར་པ་དང་། ལག་རྩལ་གསར་པ། ཐབས་ལམ་གསར་པ་བཅས་སྤྱད་དེ་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་ཐོན་ཁུངས་གསར་སྤེལ་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་འབྲོག་ལས་འཕེལ་རྒྱས་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་མཉམ་འདྲེས་དང་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བྱས་ཡོད།
ཆེད་དོན་ཞབས་ཞུར་ཤུགས་སྣོན་རྒྱག་པའི་ཐད“རྒྱལ་ཁབ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཆེད་དོན་གདན་ཞུའི་བྱེད་སྒོ་སྐབས་བརྒྱད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་གདན་ཞུའི་བྱེད་སྒོ”སོགས་ཆེད་དོན་བྱེད་སྒོ་ཆེ་གྲས་སྒྲིག་འཛུགས་བྱས་པ་བརྒྱུད་ཁེ་ལས་ཀྱི་མི་སྣ་བཀོལ་སྤྱོད་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་འབྲེལ་མཐུད་ཀྱི་སྦྲེལ་ཟམ་བཙུགས་ཡོད། ལོ་སྟོད་དུ་ཞིང་ཆེན་ཡོངས་སུ་ཁྱོན་ཚོགས་འདུ་ཐེངས་188འཚོགས་པ་དང་། ཁེ་ལས་4142ཞུགས་པ། ལས་གནས་ཀྱི་ཆ་འཕྲིན་ཁྲི་8.5ཁྱབ་བསྒྲགས་བྱས་པ། ལས་ཞུགས་འདོད་མཐུན་གྱི་མཐོ་སློབ་སློབ་ཐོན་སློབ་མ་4226ཟིན་པ་བཅས་རེད། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
མཚོ་སྔོན་ཞིང་ཆེན་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་བ།