མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་ཡུལ་སྐོར་ཁྲོམ་རར་ཞིབ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་མངོན་བཤེར་ལྐོག་ཞིབ་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་དང་ཁྲོམ་ར་ལྔའི་མངོན་བཤེར་ལྐོག་ཞིབ་ཚོགས་ཆུང་གིས་ཟི་ལིང་དང་། མཚོ་ཤར། མཚོ་ཤིས། མཚོ་ལྷོ། ཡུལ་ཤུལ་སོགས་གྲོང་ཁྱེར་དང་ཀྲོའུ་ཡི་རིག་དངོས་སྲུང་སྐྱོང་ཚན་པ་དང་། སྤྱི་པའི་རིག་གནས་ཞབས་ཞུ་བྱ་ཡུལ། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། ཡུལ་སྐོར་ལས་དོན་ཁང་། སྐར་རིམ་གསོལ་མགྲོན་ཁང་བཅས་ལ་གཙོ་གནད་ཐོག་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་གུང་གསེང་ཁྲོམ་རར་ལྷག་པའི་གནད་དོན་ལ་དམིགས་ནས་ཞིང་ཆེན་དེ་ཡོངས་ཀྱི་རིམ་ཁག་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་དང་མཐུན་སྦྱོར་ལྟ་སྐུལ་གྱི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་རིག་གནས་དང་ཡུལ་སྐོར་ཁྲོམ་རར་གནས་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་དང་མཉམ་དུ་ཡུལ་སྐོར་གྱི་ཐོབ་ཐང་མེད་པའི་རླངས་འཁོར་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་དང་། རིག་གནས་དང་ཡུལ་སྐོར་ཞབས་ཞུ་བྱ་ཡུལ་གྱི་མེ་ཟོན་སྒྲིག་བཀོད་གྲལ་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་པ། གུང་གསེང་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ནུས་པ་ཆེ་རུ་བཏང་ནས་ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ། གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་ལྟ་སྐུལ་བྱས་ནས་གུང་གསེང་རིང་གི་ཡུལ་སྐོར་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས་པ། གུང་གསེང་རིང་ཡུལ་སྐོར་དཔལ་འབྱོར་གྱིས་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ལ་སྐུལ་མ་ཤུགས་ཆེན་བཏང་ནས་སྣ་མང་ཕུན་སུམ་ཚོགས་པའི་དུས་ཆེན་རིང་ཡུལ་སྐོར་བྱེད་སྒོ་སྤེལ་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས།

ལྐོག་འདྲི་ཚོགས་ཆུང་ལྔ་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཀྲོའུ་ཁག་གི་གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་དྲ་ཐོག་ཞབས་ཞུའི་ལས་གཉེར་བྱ་ཡུལ་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱ་རྒྱུ་ཡིན་པ་རེད། དྲ་ཐོག་ཞབས་ཞུ་བྱ་ཡུལ་གྱི་ན་སོ་དར་ལ་མ་བབས་པའི་མི་དང་། གཏན་འབེབས་གཞིར་བཟུང་མིང་ངོ་མ་བཀོད་ནས་དྲ་ཐོག་ཏུ་ཞུགས་པ། ལག་རྩལ་ལྟ་སྐུལ་དོ་དམ་བྱེད་ཐབས་རང་མཚམས་ཀྱིས་མཚམས་འཇོག་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་གཙོ་གནད་དུ་ཞིབ་བཤེར་ཐག་གཅོད་བྱས་པ་རེད། ཡུལ་སྐོར་ཚོགས་པས་ཚད་ལྡན་གྱི་ཡུལ་སྐོར་གན་རྒྱ་འཇོག་མིན་དང་། ལུགས་དང་མི་མཐུན་པར་གོང་ཁེ་བའི་ཡུལ་སྐོར་བྱེད་མིན། རང་དགར་ཚོགས་པ་སྒྱུར་མིན། ཡུལ་སྐོར་བར་བཙན་ཤེད་ངང་འཛད་སྤྱོད་བྱེད་མིན། ཡུལ་སྐོར་ཐོབ་ཐང་མེད་པའི་ཡུལ་སྐོར་རླངས་འཁོར་བོགས་མར་གཏོང་མིན་བཅས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་སྣེ་ལེན་ཞབས་ཞུའི་སྒྲིག་བཀོད་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་མེད་དང་། ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་མིན། དུས་ཆེན་གོང་གི་འཕྲལ་སྡོམ་བདེ་འཇགས་ནང་སྦྱོང་སྤེལ་མིན་བཅས་གཙོ་གནད་ཐོག་གྲལ་བཤེར་བྱས་པ་རེད། དུས་འགོའི་ཞིབ་བཤེར་བྱས་འབྲས་ནས་བལྟས་ན། དྲ་ཐོག་ཞབས་ཞུའི་ལས་གཉེར་བྱ་ཡུལ་རེ་ཟུང་དུ་ཡུལ་སྐོར་གན་རྒྱ་འཇོག་སྐབས་ཚད་ལྡན་མེད་པ་དང་། སྐར་རིམ་གསོལ་མགྲོན་ཁང་རེ་ཟུང་གི་མེ་ཟོན་བགྲོད་ལམ་བཀག་པ། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་ཕྱིར་གཏོང་མཚོན་རྟགས་གསལ་པོ་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་ཡོད་པ་རེད། གནད་དོན་ལ་དམིགས་ནས་དུས་བཀག་ནང་དག་ཐེར་བྱ་རྒྱུའི་བརྡ་ཐོ་བཏང་བ་རེད། རྒྱལ་སྟོན་རིང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་རྒྱུན་རྣམ་ཅན་དང་། ཚད་མཐོའི་ཅན། རྒྱུན་མཐུད་ཅན་བཅས་ཀྱི་ལྟ་སྐུལ་དོ་དམ་བྱེད་སྟངས་ཐོག་ནས་རིག་གནས་ཡུལ་སྐོར་ཁྲོམ་རར་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཞིང་ཆེན་དེ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།