མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་སྟོན་ཁང་གི་སྒོ་ཕྱེས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་10བའི་ཚེས་1ཉིན། རྒྱལ་ནང་གི་རང་བྱུང་ཐོན་ཁུངས་གཙོ་བྱས་པའི་ཞིང་ཆེན་རིམ་པའི་ལས་རིགས་རྟེན་རྫས་བཤམས་སྟོན་ཁང་ཐོག་མ་སྟེ་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་སྟོན་ཁང་གི་སྒོ་ཕྱེས། འདིས་ཞིང་ཆེན་རང་བྱུང་རྟེན་རྫས་བཤམས་སྟོན་ཁང་དངོས་སུ་སྤྱི་ཚོགས་དང་སྤྱི་དམངས་ཡོངས་ལ་སྒོ་ཕྱེས་པ་མཚོན།

མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་སྟོན་ཁང་ནི་སྒྲིག་གཞི་བཅོས་བསྒྱུར་རྗེས་ཀྱི་རྒྱལ་ནང་གི་རང་བྱུང་ཐོན་ཁུངས་གཙོ་བྱས་པའི་ཞིང་ཆེན་རིམ་པའི་ལས་རིགས་རྟེན་རྫས་བཤམས་སྟོན་ཁང་ཐོག་མ་སྟེ། ཐོག་མར་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། སྐྱེ་དངོས་སྣ་མང་ཅན་དང་། གཏེར་ཁའི་ཐོན་ཁུངས་སོགས་རང་བྱུང་ཐོན་ཁུངས་ཕྱོགས་ཡོངས་སྣ་འཛོམས་སྒོས་བཤམས་པའི་རྟེན་རྫས་བཤམས་སྟོན་ཁང་དང་ཐོག་མར་“གཅིག་གྱུར་གྱིས་ལག་བསྟར་བྱེད་པ་གཉིས་”ཀྱི་འགན་འཁྲི་གཙོ་རྐང་དུ་བྱེད་པའི་རྟེན་རྫས་བཤམས་སྟོན་ཁང་ཡིན། དེས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་སོགས་ཚེ་སྲོག་གཅིག་མཐུན་གྱི་འདུས་གྲུབ་ཡིན་པ་གང་ལེགས་སྒོས་མངོན་ཡོད།

མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་སྟོན་ཁང་དེ་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཧའེ་ཡན་ལམ་གྱི་སྒོ་རྟགས་75པ་ས་གཏེར་ཚན་རྩལ་གླིང་དུ་ཡོད་ཅིང་། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་7510དང་དེའི་ཁྲོད་བཤམས་ཁང་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་5747ཡོད། རྟེན་རྫས་བཤམས་སྟོན་ཁང་ལ་ཁང་བརྩེགས་བཞི་ཡོད་ཅིང་། དེའི་ནང་གླེང་གཞི་ཚོམས་ཆེན་དང་། གོ་ལའི་ཚན་རིག་ཁང་། རང་བྱུང་ཐོན་ཁུངས་ཁང་། མི་དང་རང་བྱུང་ཁང་། རང་བྱུང་ཁམས་ཆེན་མོ་ཉམས་ལེན་ནམ་རང་བྱུང་ཡུལ་སྐོར་ཐོན་ཁུངས་ཉམས་ལེན་ཁང་། གཏེར་རྫས་ཉིང་བདར་གཟིགས་ཁང་དང་ཆར་རླུང་ཉམས་ལེན་ཁང་བཅས་ཡོད། བཤམས་ཁང་གི་བཤམས་སྟོན་ནང་དོན་དང་རྣམ་པ་ཆ་ཚང་ལ་། མ་ལག་འཐུས་ཚང་བ། ཚན་རིག་དང་མཐུན་ཞིང་། སྒྱུ་རྩལ་གྱིས་ཕྱུག་པ་། སྤྲོ་སྣང་ལྡན་པ་སོགས་ཀྱི་ཁྱད་ཆོས་ལྡན་ལ། ལྷག་པར་དུ་ཚན་རིག་དང་མཐུན་པའི་བརྒྱུད་བསྒྲགས་དང་། གྲངས་གཞི་ཅན་གྱི་བཤམས་སྟོན། དུས་ཐོག་དུ་དྲ་སྤྲེལ་སོགས་ཀྱི་ཁྱད་ཆོས་འབུར་དུ་ཐོན།

རྟེན་རྫས་བཤམས་སྟོན་ཁང་གིས་“འབྱུང་ཁུངས། བྱུང་ཁུངས། ཐོན་ཁུངས། རང་ཁུངས་”བཅས་ཀྱི་འདུ་ཤེས་ལ་ཕྱོགས་ནས། རྟེན་རྫས་བཤམས་སྟོན་ཁང་གི་ལྟེ་ཉིང་“སྐྱེ་དགུ་ཡི་བྱུང་ཁུངས་གསལ་བསྒྲགས། མཐོ་སྒང་གི་གསང་བ་ཞིབ་སྙེགས། ཐོན་ཁུངས་ཀྱི་སྒེགས་ཉམས་རབ་ངོམ། སྐྱེ་ཁམས་ཀྱི་འཆམ་མཐུན་སྲུང་བ།”ལ་འདུས་ཏེ། རྣམ་པ་དང་ནང་དོན་ཀུན་འཛོམས་ཀྱི་གཟིགས་ལྟའི་རོལ་མྱོང་སྐྲུན་ཞིང་། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་གྲུབ་འབྲས་དང་སྦྲགས་ནས། ཡང་དག་ཅིང་གཏིང་ཟབ་པའི་སྒོ་ནས་“མཛེས་སྡུག་གི་མཚོ་སྔོན། རང་བྱུང་གི་སྒེའུ་ཁུང་”ཞེས་པ་ར་སྤྲོད་གསལ་བོ་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།