ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་མངོན་བཤེར་ལྐོག་ཞིབ་བཅོས་སྒྲིག་བྱ་སྤྱོད་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རིག་གནས་ཡུལ་སྐོར་པུའི“2019ལོའི་རྒྱལ་སྟོན་རིག་གནས་དང་ཡུལ་སྐོར་གུང་གསེང་ཁྲོམ་རའི་ལས་དོན”གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བར་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་མངོན་བཤེར་ལྐོག་ཞིབ་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་རེད།

བཅོས་སྒྲིག་བྱ་སྤྱོད་ཁྲོད་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ངལ་གསོའི་ཡུལ་སྐོར་ཁྲོམ་རའི་མངོན་བཤེར་ལྐོག་ཞིབ་ཚོགས་ཆུང5བཙུགས་ནས་ཟི་ལིང་དང་། མཚོ་ཤར། མཚོ་ནུབ། མཚོ་ལྷོ། ཡུལ་ཤུལ་སོགས་གྲོང་ཁྱེར་དང་ཁུལ་གྱི་རིག་དངོས་སྲུང་སྐྱོང་ཚན་པ་དང་། སྤྱི་པའི་རིག་གནས་ཞབས་ཞུ་བྱ་ཡུལ། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། ཡུལ་སྐོར་ལས་དོན་ཁང་། སྐར་མ་རིམ་པའི་གསོལ་མགྲོན་ཁང་བཅས་ལ་གཙོ་གནད་ཐོག་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་ཁག་གི་གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་དྲ་སྦྲེལ་གྱི་དྲ་ཞུགས་ཞབས་ཞུའི་ལས་གཉེར་བྱ་ཡུལ་དུ་བསྐྱོད་དེ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

དུས་འགོའི་ཞིབ་བཤེར་འབྲས་བུར་གཞིགས་ན། དྲ་སྦྲེལ་གྱི་དྲ་ཞུགས་ཞབས་ཞུའི་ལས་གཉེར་བྱ་ཡུལ་ཁག་གཅིག་ཏུ་ལག་ཁྱེར་དཔང་ཡིག་མངོན་གསལ་དོད་སར་བཞག་མེད་པ་དང་། ཚོགས་པའི་ཡུལ་སྐོར་གན་རྒྱ་བཞག་པ་ཚད་ལྡན་མིན་པ། སྐར་མ་རིམ་པའི་གསོལ་མགྲོན་ཁང་ཁག་གཅིག་གི་མེ་ཟོན་བགྲོད་ལམ་འགག་པ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་ཕྱིར་གཏོང་མཚོན་རྟགས་གསལ་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་དུས་བཀག་བཅོས་སྒྲིག་གི་བརྡ་ཐོ་བཏང་བ་རེད། རྒྱལ་སྟོན་རིང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་རྒྱུན་རྣམ་ཅན་དང་། ཚད་མཐོ་ཅན། རྒྱུན་མཐུད་ཅན་བཅས་ཀྱི་ལྟ་སྐུལ་དོ་དམ་བྱེད་སྟངས་ཐོག་ནས་རིག་གནས་ཡུལ་སྐོར་ཁྲོམ་རར་ཞིབ་བཤེར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་། བདེ་འཇགས་ཚོར་སེམས། ཐོབ་ཚོར་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།