སིང་ཀ་ཕོར་གྱི་སྤུས་དག་ཐང་ག་འགྲེམས་སྟོན་ཐོག་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རི་མོའི་སྒྱུ་རྩལ་འགྲེམས་སྟོན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བ་དང་སིང་ཀ་ཕོར་དང་འབྲེལ་བ་བཙུགས་ནས་ལོ་ངོ200འཁོར་བར་རྟེན་འབྲེལ་ཞུ་ཆེད། ཐང་གའི་སྒྱུ་རྩལ་བརྩམས་ཆོས་རྩེ་གྲ་འགྲེམས་སྟོན་ཚེས6ཉིན་སིང་ཀ་ཕོར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འགོ་བརྩམས། འགྲེམས་སྟོན་བྱས་པའི་ཐང་གའི་བརྩམས་ཆོས་རྩེ་གྲ80ཡིས་མི་རྣམས་ཀྱི་ཡིད་ཀྱི་དབང་བོ་ཅིག་ཅར་དུ་འཕྲོག

ཐང་གའི་བརྩམས་ཆོས་རྩེ་གྲ50ལྷག་ཙམ་ཀྲུང་གོའི་མཚོ་སྔོན་རེབ་གོང་ནས་ཐོན་པ་དང་། དེ་དག་ནི་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་ཅན་མི་རབས་གཉིས་ཀྱི་ལྷ་བཟོ་ཤ་བོ་ཚེ་རིང་དང་དགེ་འདུན་དར་རྒྱས་གཉིས་ནས་བྲིས། གཞན་ཡང་རྒྱ་གར་དང་ནེ་པ་ལར་སྤེལ་རེས་བྱས་པའི་ཀྲུང་གོའི་བོད་ལྗོངས་ལྷ་བཟོ་དང་དེ་བཞིན་འབྲུག་ཡུལ་གྱི་ལྷ་བཟོ་བཅས་ཀྱི་ཐང་ག་རྩེ་གྲ30ཙམ་ཡོད་པས་དེ་དག་ལ་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་ཡོད། དེའི་ཁྲོད་ཀྱི་ཐང་ག་མི་ཉུང་བ་ཞིག་ནི་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་རེད། 

སིང་ཀ་ཕོར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་དང་སིང་ཀ་ཕོར་གྱི་ཀྲུང་གོའི་བཅའ་སྡོད་ཡུལ་སྐོར་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་འཁུར་ཡོད་པའི་ཞའོ་ཅང་ཧྭ་ཡིས་གཏམ་བཤད་གནང་་སྐབས་བསྟན་དོན། ཐང་ག་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་ཁྲོད་ཀྱི་ཐུན་མིན་མཚོན་ཚུལ་གྱི་རྣམ་པ་ཞིག་ཡིན་པ་དང་། བོད་མི་རིགས་རིག་གནས་ཀྱི་ཤེས་བྱ་ཀུན་འདུས་ཀྱི་སྒྱུ་རྩལ་ཤིག་ཡིན། 2009ལོར་ཐང་ག་གཙོ་བོར་བྱས་པའི“རེབ་གོང་སྒྱུ་རྩལ”དེ་ཉིད་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་“མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་མིང་གཞུང”ནང་བཞག་ཡོད།

ཀྲུང་གོའི་བཟོ་རྩལ་མཛེས་རྩལ་ཆེན་མོ་བའམ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་དགེ་འདུན་དར་རྒྱས་ཀྱིས་འགོ་ཚུགས་མཛད་སྒོའི་སྟེང་ཐང་གའི་སྒྱུ་རྩལ་གྱི་ཆེད་དོན་འཆད་ཁྲིད་བྱས་པ་དང་འབྲེལ་འགྲེམ་སྟོན་བྱ་ཡུལ་དུ་ཐང་གའི་འབྲི་ཚུལ་འགྲེམས་སྟོན་བྱས་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།