མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་འཐུས་མི་དང་འཐུས་མི་གནས་སའི་ལས་ཁུངས་ལ་འཕྲིན་ཡིག་གཉིས་བསྐུར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་ཐོན་ལ་ཉེ་བའི་སྔ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་འཐུས་མི་དང་འཐུས་མི་གནས་སའི་ལས་ཁུངས་ལ་འཕྲིན་ཡིག་གཉིས་བསྐུར་ཏེ། དམངས་ཆེན་འཐུས་མིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་བྱེད་རྒྱུ་དང་། ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་སྟོང་ཟད་དུ་མི་གཏོང་བའི་ཐད་གུས་འདུད་བླ་མེད་ཞུས་པ་དང་། དམངས་ཆེན་འཐུས་མིས་ཁྲིམས་ལྟར་འགན་ནུས་བསྒྲུབ་པར་རྒྱབ་སྐྱོར་ཆེན་པོ་བྱེད་པ་དང་འགན་ལེན་ཁག་ཐེག་གང་ནུས་བྱེད་མཁན་གྱི་འཐུས་མི་གནས་པའི་ལས་ཁུངས་ལ་བཀའ་དྲིན་ཞུས་པའི་བསམ་པ་བསྟན།

འཕྲིན་ཡིག་ནང་བསྟན་དོན། སྤྱི་མཐུན་རྒྱལ་ཁབ་ཀྱི་ཡོ་ལང་རབ་ཏུ་རྒོད་པའི་རླབས་ཆེན་རྒྱང་སྐྱོད་བཞུད་ལམ་སྟེང་དམངས་ཆེན་འཐུས་མིས་འབད་འབུངས་ཡར་བརྩོན་གྱི་རྐང་རྗེས་བཀོད་ཡོད་པ་དང་མཚོ་སྔོན་གསར་པའི་བརྗིད་ཉམས་ཆེ་བའི་རྔམ་བརྗིད་རྡོ་རིང་སྟེང་དུ་དམངས་ཆེན་འཐུས་མིས་རང་གི་བློ་གྲོས་དང་སེམས་ཤུགས་གཅིག་བསྡུས་སྒོས་བརྐོས་ཡོད། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་འཐུས་མིས་ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་དབང་ཅི་ཡོད་ནན་ཏན་སྒོས་བེད་སྤྱོད་བྱས་ཏེ། དུས་རབས་དང་གོམ་སྟབས་གཅིག་མཚུངས་དང་མི་དམངས་དང་རྩ་བ་མཉམ་འགུལ། ལག་ལེན་དང་མཉམ་དུ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་ཕོ་ཉ་ལྟ་བུའི་གཟི་བརྗིད་མཚན་སྙན་བདག་གིས་བཞེས་ཡོད་ཅིང་། འབྲེལ་ཟམ་སྦྲེལ་ཐག་ལྟ་བུའི་བྱེད་ནུས་འོས་འགན་ཡང་ཕྲག་སྟེང་དུ་བླངས་ཡོད། འཕྲིན་ཡིག་ནང་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་འཐུས་མིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དངོས་འབེབས་མཐའ་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། རང་རྟོགས་སྒོས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་མཁན་གྱི་མིག་དཔེ་རུ་འགྱུར་བར་བྱེད་དགོས་པ་དང་། མི་དམངས་ཀྱི་ཁྲོད་ནས་ཐོན་ཞིང་ཕྱིར་མི་དམངས་ཀྱི་ཁྲོད་ནས་རྩ་བ་ཚུགས་པར་བྱེད་པའི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས། དམངས་ཀྱི་རེ་བ་དེ་འགན་འཁྲི་སྒྲུབ་ཕྱོགས་སུ་བྱེད་པ་དང་། རང་རྟོགས་སྒོས་མི་དམངས་ཀྱི་འབོད་སྒྲར་ཉན་པ། མི་དམངས་ཀྱི་རེ་ལྟོས་ལ་ཨ་ལན་སྟེར་མཁན་གྱི་མིག་དཔེ་རུ་འགྱུར་བར་འབད་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དཀྱིལ་སྙིང་དུ་བཟུང་ནས། ལྔ་བཞིའི་འཐབ་ཇུས་གཏིང་ཟབ་དུ་སྤེལ་བ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རང་རྟོགས་སྒོས་མཚོ་སྔོན་ལ་དགའ་ཞེན་འཆང་པ་དང་། མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་མིག་དཔེ་རུ་འགྱུར་བར་བྱེད་དགོས། ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཆབ་སྲིད་ཀྱི་མཚན་སྙན་ལ་གཅེས་སྤྲས་བྱེད་པ། སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་ལ་བརྩི་སྲུང་ཞུ་བ། སྣང་བརྙན་ལེགས་པོར་སྲུང་སྐྱོང་བྱེད་པ། རང་རྟོགས་སྒོས་ཁྲིམས་བཀུར་དང་ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་མིག་དཔེ་རུ་འགྱུར་བར་བྱེད་དགོས། བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་ནས་འཚོལ་ཞིབ་ཧུར་ཐག་བྱེད་རྒྱུ་དང་ལག་ལེན་ལ་འཇུག་ཕོད་པ། གསར་གཏོད་ཡར་བརྩོན་བཅས་བྱས་ཏེ། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལས་དོན་དང་ལྷག་པར་དུ་འཐུས་མིའི་ལས་དོན་ཐད་ལ་མི་མངོན་པའི་སྟོབས་ཤུགས་དང་སྒུལ་ཤུགས། གསོན་ཤུགས་བཅས་བསྩོལ་དགོས་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ལག་ལེན་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས། མཚོ་སྔོན་གྱི་ཁྱད་ཆོས་བཅས་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་སྔར་ལས་རྒྱ་སྐྱེད་གཏོང་བ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་གྱི་ཕན་འབྲས་ལྡན་པའི་རྣམ་པ་བཅས་འཚོལ་ཞིབ་གང་ལེགས་བྱེད་མཁན་གྱི་མིག་དཔེ་རུ་འགྱུར་བར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་འགན་གཙང་ལེན་བྱེད་པ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།