མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་སྲིད་བསྡུ་དབང་གཏོང་ཞབས་ཞུའི་བཅོས་སྒྱུར་མཐུན་སྦྱོར་ཚན་ཆུང་གི་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་། སྲིད་བསྡུ་དང་དབང་གཏོང་། ཞབས་ཞུའི་བཅོས་སྒྱུར་མཐུན་སྦྱོར་ཚན་ཆུང་གི་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱེད་དགོས་ལ། སྲིད་བསྡུ་དང་དབང་གཏོང་། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ་དང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས། སྲིད་དོན་ཞབས་ཞུའི་བཅོས་སྒྱུར་སྲིད་ཇུས་དངོས་འབེབས་དོན་སྨིན་ཡོང་བར་སྐུལ་འདེད་བཏང་མཐར། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་འཇགས་ངང་འཕེལ་བར་རྨང་གཞི་བརྟན་པོ་འདིང་དགོས་ཟེར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ལིག་ཉིང་གིས་བསྟན་དོན། སྲིད་བསྡུ་དང་དབང་གཏོང་། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་ལས་དོན་འདི་ཉིད་སྤྱི་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ལ་བདེ་སྐྱིན་བསྐྲུན་པའི་ལས་དོན་དང་འབྲེལ་བ་དམ་ཟབ་ཡོད། ད་ལོ་ནས་བཟུང་། ས་གནས་དང་སྡེ་ཁག་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལྟར་དུ། ལས་རིམ་ཁག་སོ་སོའི་བཅོས་སྒྱུར་བྱེད་ཕྱོགས་གོ་རིམ་ལྡན་ལ་ནུས་པ་ཡོད་པའི་སྒོ་ནས་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་དབང་གཏོང་དང་སྲིད་བསྡུ། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་ལས་དོན་དང་ཚོར་གཉེར་ཁོར་ཡུག་མངོན་གསལ་ལེགས་བཅོས་བྱུང་ཡོད་ནའང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཏོང་སྤྲོད་ཐད་ད་དུང་གནད་དོན་ཡོད་པ་དང་། བྱ་བ་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ཐད་ད་དུང་དཀའ་ཁག་ཡོད་པ། སྲིད་དོན་ཞབས་ཞུའི་ཐད་དཀའ་ཁག་ཡོད་པ།  ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་ད་དུང་ཞན་ཆ་ཡོད་པས་ན། ཅིས་ཀྱང་གནད་དོན་ལ་དམིགས་ནས་གནད་དོན་ཐག་གཅོད་བྱེད་པ་དང་ཞན་ཆར་ཁ་གསབ་བྱེད་པ། སྔོན་ཐོན་ངང་རྗེས་འདེད་གཏོང་བ་བཅས་བྱས་མཐར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ནས་མི་དམངས་མང་ཚོགས་ལ་ཡོང་སྒོ་འཕར་སྣོན་འབྱུང་བར་བྱེད་པ་དང་སྟབས་བདེ་བསྐྲུན་དགོས་ཟེར།

ལིག་ཉིང་གིས་བླང་བྱ་བཏོན་དོན། ས་གནས་དང་སྡེ་ཁག་སོ་སོས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུ་སྒུལ་ཤུགས་སུ་བརྩིས་ཏེ། ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་ཐེག་པ། ཧེ་བག་འཚོལ་བ་དང་ཆབ་སྲིད་རང་རྟོགས་དོན་འཁྱོལ་བྱེད་པར་དམ་པོར་འཛིན་དགོས་ཤིང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་དགོས་ལ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་སོགས་ལ་འབད་དེ། སྲིད་བསྡུ་དང་དབང་གཏོང་། ཞབས་ཞུ་བཅས་ཀྱི་བཅོས་སྒྱུར་ལས་དོན་གཏིང་ཟབ་དུ་སྤེལ་ནས། ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་འགྲོ་བར་ཕན་འབྲས་ཐོབ་པ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།