ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཐུན་མོང་དང་ངལ་རྩོལ་དཔེ་ལེགས་ཅན། སྔོན་ཐོན་ལས་བཟོ་བ་བཅས་ཀྱི་མིང་འདོགས་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་བཅས་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་ཞིང་ཆེན་སྲིད་གཞུང་གི་ངལ་རྩོལ་དཔེ་ལེགས་ཐུན་མོང་དང་ངལ་རྩོལ་དཔེ་ལེགས་ཅན། སྔོན་ཐོན་ལས་བཟོ་བ་བཅས་ལ་གཟེངས་བསྟོད་བྱེད་པའི་ཐག་གཅོད་སྒྲོག་འདོན་བྱས།
ལིག་ཉིང་གིས་གཏམ་བཤད་ཁྲོད་གཟེངས་བསྟོད་ཐོབ་པའི་ངལ་རྩོལ་དཔེ་ལེགས་ཐུན་མོང་དང་ངལ་རྩོལ་དཔེ་ལེགས་ཅན། སྔོན་ཐོན་ལས་བཟོ་བ་བཅས་ལ་རྟེན་འབྲེལ་ཞུས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་རྒྱ་ཆེ་བའི་ངལ་རྩོལ་པ་རྣམས་ལ་གུས་འདུས་ཞུས། ཁོས་བསྟན་དོན། མཚོ་སྔོན་གྱིས་བླངས་པའི་གྲུབ་འབྲས་དང་གཟི་བརྗིད་རེ་རེའི་ཁྲོད་དུ། རྒྱ་ཆེ་བའི་ངལ་རྩོལ་པ་རྣམས་ཀྱི་ཤེས་རབ་དང་དཀའ་སྡུག་གི་རྔུལ་ཆུ་ཕངས་མེད་དུ་གཏོར་ཡོད་པས་ན། ངལ་རྩོལ་དཔེ་ལེགས་ཅན་ལ་མངའ་བའི་དུས་རབས་ཀྱི་སྙིང་སྟོབས་དང་གཤིས་སྤྱོད་བླ་མེད་དུས་རྟག་པར་ཡིད་ལ་ཉར་ཡོད། མཚོ་སྔོན་རྒྱལ་ཡོངས་དང་ལྷན་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་དུས་རབས་གསར་པ་འཛུགས་སྐྲུན་གྱི་བགྲོད་ལམ་སྟེང་ཞུགས་པ་ལ། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་ཆེན་པོ་དང་ངལ་རྩོལ་གྱི་སྙིང་སྟོབས་ཆེན་པོ་མཁོ་བར་མ་ཟད། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། གསར་འབྱེད་ཡར་བརྩོན་དང་ལས་རིགས་སོ་སོའི་ཁྱབ་ཁོངས་ནས་སེམས་ཤུགས་གཅིག་མཐུན་གྱིས་འབད་འབུངས་བརྩོན་ལེན་བྱེད་དགོས་ཟེར།
ལིག་ཉིང་གིས་ནན་གྱིས་བསྟན་དོན། རྒྱ་ཆེ་བའི་ངལ་རྩོལ་པ་རྣམས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བློ་དཀར་རྣམ་དག་གི་སྒོ་ནས་ལག་ལེན་ལ་འདེབས་མཁན་རྣལ་མ་ཞིག་བྱས་ནས། བར་མ་ཆད་པའི་སྒོ་ནས་འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་ཇེ་དྲག་ཏུ་གཏོང་དགོས་པ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་དགོས། གཙོ་འཛིན་དང་ཏང་། མེས་རྒྱལ། ངལ་རྩོལ་པའི་ལག་ལེན་དངོས་བཅས་ལ་དགའ་ཞེན་བཅངས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཚོ་སྔོན་ནས་རྒྱུན་འཁྱོངས་དང་གསར་འབྱེད་ལེགས་པོ་བྱེད་དགོས། དེ་མིན་ད་དུང་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་མཁན་རྣལ་མ་ཞིག་བྱེད་དགོས་ལ། མཁྲེགས་གཏོར་ཆེན་པོ་གསུམ་ལ་རྒྱལ་ཁ་ལེན་པ་དང་དཔེ་སྟོན་གསུམ་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པ། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སོགས་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་སྐུལ་འདེད་བཏང་བའི་ཁྲོད་ནས་གནས་ཐིག་ཁ་ཕྱོགས་མ་ནོར་བར་འཚོལ་དགོས་ལ། མི་སྒེར་གྱི་འབད་འཐབ་དང་རང་སྟེང་གི་རིན་ཐང་མཚོ་སྔོན་གསར་འཛུགས་ཀྱི་ལག་ལེན་དངོས་ཀྱི་ཁྲོད་ནས་མངོན་ཅི་ཐུབ་བྱེད་དགོས་པ་ལས་གཞན། སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བར་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཚོལ་ཞིབ་པ་ཞིག་བྱེད་དགོས། དེ་མིན་ད་དུང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཁྲོད་མི་ཚེ་དོན་ཡོད་དུ་གཏོང་བ་དང་། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ནས་བྱས་རྗེས་འཇོག་དགོས། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། ངལ་རྩོལ་པའི་སྙིང་སྟོབས་བཅས་དར་སྤེལ་གཏོང་བའི་འབད་འཐབ་པ་རྣལ་མ་ཞིག་བྱེད་དགོས། ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་བཟོ་བ་མིག་དཔེར་བཟུང་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ་སྔོན་ཐོན་བརྩོན་ལེན་དང་ཁྱད་འཕགས་བསྐྲུན་པའི་མིག་དཔེ་བྱེད་དགོས་ཟེར།
ཚོགས་ཐོག་ནས་ངལ་རྩོལ་དཔེ་ལེགས་ཐུན་མོང་བཞི་བཅུ་དང་ངལ་རྩོལ་དཔེ་ལེགས་ཅན་བརྒྱ་དང་སོ་བཞི། སྔོན་ཐོན་ལས་བཟོ་བ་གྱ་གསུམ་བཅས་ལ་གཟེངས་བསྟོད་བྱས། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཐུན་མོང་དང་ངལ་རྩོལ་དཔེ་ལེགས་ཅན། སྔོན་ཐོན་ལས་བཟོ་བ་བཅས་ཀྱི་མིང་འདོགས་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་ནས་བསྡུས།