ལིའུ་ཉིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ཉེ་བའི་བར་སྐབས་སུ་སྔོན་ཐོན་དཔེ་བཟང་མི་སྣར་འཚམས་འདྲི་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ཉེ་བའི་སྐབས། ཟླ9པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིའུ་ཉིང་གིས་མཚོ་སྔོན་གྱི་སྔོན་ཐོན་དཔེ་བཟང་མི་སྣ་དང་དེའི་ཁྱིམ་མིར་འཚམས་འདྲི་གནང་། ཁོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ཏེ་ཁོང་ཚོར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་སྐྱིད་སྦྱིན། 

ཏང་ཡོན་རྒན་པ་སོན་ཀུའེ་དབྱིང་གི་ཁྱིམ་དུ། ལིའུ་ཉིང་གིས་ཁོ་མོའི་ལག་པར་འཇུས་ནས་བདེ་སྡུག་དྲིས་པ་དང་། ལིའུ་ཉིང་གིས་ཁྱེད་ཀྱིས་མི་ཚེའི་ཕྱེད་ཀར་གཞི་རིམ་དུ་ཐོག་མཐའ་བར་གསུམ་དུ་བྱ་བ་བསྒྲུབས་ནས་སྡེ་ཁུལ་གྱི་གྲོང་མིའི་དོན་དག་ཆེ་ཆུང་ཀུན་ལ་རོགས་རམ་དང་ཞབས་འདེགས་ཞུས་པ་མ་ཟད། རྒན་ཡོལ་ཞུས་རྗེས་ཏང་ཡོན་གྱི་ཐོབ་ཐང་བློ་ལ་བརྟན་པོར་བཟུང་ནས་སྡེ་ཁུལ་གྱི་ལས་དོན་སྣ་ཚོགས་ལ་གཞོགས་འདེགས་བྱས་ཏེ། ཏང་ཡོན་རྒན་པའི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། རིམ་པ་ཁག་གི་ལས་ཁུངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་རྒན་པའི་བདེ་སྡུག་སེམས་སུ་འཛིན་པ་དང་། ཁྲོམ་སྲང་དང་སྡེ་ཁུལ་གྱིས་དེ་བས་སྤྲོ་སེམས་འཁོལ་བའི་ངང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ནས། ཏང་ཡོན་རྒན་པའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ་ཁོང་ཚོའི་ཚེ་མཇུག་གི་འཚོ་བ་སྔར་བས་བདེ་སྐྱིད་དུ་གཏོང་དགོས་ཞེས་བསྟན། 

འཚམས་འདྲི་བྱ་ཡུལ་གྱི་སྔོན་ཐོན་དཔེ་བཟང་མི་སྣའི་འཐུས་མིས་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་ལ་བཀའ་དྲིན་དང་། མེས་རྒྱལ་སྟོབས་འབྱོར་མངའ་ཐང་ཅན་འགྱུར་བར་སྨོན་འདུན་ཞུས་ཏེ། དུས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་གང་ཡོད་འབུལ་རྒྱུ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།