ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་9བའི་ཚེས་24ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྔོན་མར་སྒྲིག་བཤེར་ལྟ་སྐུལ་གྱི་ལས་གནས་སུ་འབད་འཐབ་བྱེད་མྱོང་བའི་འགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ་དག་དང་། མིག་སྔར་སྒྲིག་བཤེར་ལྟ་སྐུལ་གྱི་ལས་གནས་དང་པོར་བྱ་བཞག་ཧུར་ཐག་གིས་སྒྲུབ་ཀྱིན་པའི་བློ་མཐུན་དང་མཉམ་སྦྲེལ་དབུལ་སྐྱོར་སྡེ་བའི་ལས་བྱེད་པ་སོགས་གདན་དྲངས་ནས། ཐུན་མོང་ཐོག་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཤིང་། བློ་སྐྱེད་དང་ཚོར་འདུ་གླེང་ནས་མཛེས་སྡུག་ལྡན་པའི་མ་འོངས་པར་རྒྱང་ལྟ་བྱས།
ཚང་མས་བསམ་པར་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་འོག མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་དང་ལས་དབང་གཅིག་མཐུན་དང་དུས་རབས་དང་མཉམ་དུ་འཕེལ་རྒྱས་བྱུང་ནས། དཔལ་འབྱོར་སྤྱི་ཚོགས་ལ་ཡར་རྒྱས་ཆེན་པོ་བྱུང་ཞིང་མཐོ་སྒང་ས་ཆེན་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་། ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་ནན་ཏན་སྒོས་རང་འགན་སྒྲུབ་པ་དང་ཐོག་མཐའ་ཀུན་དུ་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་དུས་རིམ་སོ་སོའི་གཙོ་གནད་ལས་འགན་གཙུགས་སུ་བཟུང་ནས་སྒྲིག་བཤེར་ལྟ་སྐུལ་གྱི་བྱ་བ་སྒྲུབ་ཅིང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་ཀྱི་ལག་བསྟར་དོན་འཁྱོལ་སོགས་ལ་ཁག་ཐེག་བྱས་ཤིང་། ཏང་གི་སྒྲིག་ལུགས་ནན་ཏན་སྒོས་སྐྱོང་བ་དང་། ཏང་གི་ལམ་སྲོལ་ལེགས་པར་སྐྱོང་བ། ཏང་གི་རྩ་འཛུགས་དྭངས་གཙང་སྒོས་སྐྱོང་བ། ཏང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་འགན་སྲུང་བྱེད་པ་བཅས་ཀྱི་ཕྱོགས་ལ་བྱས་རྗེས་གལ་ཆེན་བཞག་ཡོད། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
ཞིང་ཆེན་སྒྲིག་བཤེར་ལྟ་སྐུལ་ཨུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།