ཝང་ཡུས་ཡན་གྱིས་ཡུལ་ཤུལ་དུ་བརྟག་ཞིབ་གནང་སྐབས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་ཤེས་ལྡན་མི་སྣ་དག་ས་མཐོར་གོམས་ཤིང་་མཚོ་སྔོན་ལ་འདྲེས་ནས་རང་གི་བྱ་བཞག་འགྲུབ་དགོས་ཞེས་ནན་གྱིས་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་ཤེས་ལྡན་མི་སྣའི་ལས་དོན་ལ་བརྟག་ཞིབ་བྱེད་པར་ཕེབས།

ཝང་ཡུས་ཡན་པེ་ཅིང་མཚོ་སྔོན་ཡུལ་ཤུལ་བཀོད་འདོམས་པུའུ་དང་། ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་དུ་ཕེབས་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་དང་། སློབ་གསོ། སྨན་བཅོས་སོགས་དཔུང་སྡེའི་ཆེད་ལས་ལག་རྩལ་མི་སྣར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཐུགས་ཁུར་དང་འཚམས་འདྲི་བརྒྱུད་ཞུ་གནང་། ཚང་མའི་གནས་བབ་ལ་འགྱུར་ལྡོག་ཧུར་ཐག་བཏང་བ་དང་། འཐབ་ཕྱོགས་དང་པོར་བསྐྱོད་དེ་བརྟག་ཞིབ་བྱས་པ། སྤྲོ་སེམས་ལྡན་པའི་སྒོ་ནས་ལས་དོན་ནང་ཞུགས་པ་བཅས་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཁོང་གིས་མཚོ་སྔོན་གྱི་བྱ་གཞག་འཕེལ་རྒྱས་གཏོང་བར་རྒྱ་ཆེའི་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་དགོས་ཤིང་། རྒྱ་ཆེའི་མཚོ་སྐྱོར་ལས་བྱེད་ཤེས་ལྡན་མི་སྣས་རང་འགུལ་ངང་ས་མཐོར་གོམས་པར་བྱེད་དགོས། བདེ་ཐང་གཙོ་བོར་བཟུང་ཞིང་་། ལས་དོན་དམིགས་སུ་བཟུང་ནས། གཟུགས་པོར་བདག་གཅེས་དང་རང་འཁྲིའི་ལས་གནས་ཐོག་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཝང་ཡུས་ཡན་གྱིས་རིམ་པ་ཁག་གི་ཏང་ཨུ་དང་རྩ་འཛུགས། མི་དོན་སྡེ་ཁག་གིས་བྱ་བའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས། མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་འཚོ་བའི་ཐད་སྤྲོ་སེམས་ཆེན་པོས་སེམས་ཁུར་དང་། ལས་ཀའི་ཐད་བློ་རྒྱ་ཆེན་པོས་རྒྱབ་སྐྱོར། དོ་དམ་ཐད་བླང་བྱ་ནན་པོ་འདོན་པ་བཅས་བྱས་ཏེ་ཁོང་ཚོའི་སྤྱང་གྲུང་དང་བློ་གྲོས། ནུས་པ་གལ་ཆེན་སོགས་འདོན་སྤེལ་གང་ལེགས་བྱས་ནས། ལས་བྱེད་ཤེས་ལྡན་མི་སྣས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།