བགྲེས་སོང་དུས་ཆེན་གྱི་སྔ་རོལ་ཏུ་ཡན་ཅིན་ཧའེ་ཡིས་ལོ་ན་རྒན་པར་འཚམས་འདྲི་གནང་སྐབས་བགྲེས་སོང་བྱ་གཞག་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་རྒན་གཅེས་རྒན་བཀུར་གྱི་སྤྱོད་བཟང་དར་སྤེལ་གཏོང་དགོས་པར་ནན་བཤད་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་ཀྱི“བགྲེས་སོང་དུས་ཆེན”སྐབས་བདུན་པ་སླེབས་ལ་ཉེ་བའི་བར་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་ཡིས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་མཚོ་སྔོན་ཧིན་ཧྲེང་རྒན་གསོ་ལྟེ་གནས་དང་། ཏུང་ཧྲན་ཤང་ཅི་ཅ་ལིང་གྲོང་ཚོའི་རོགས་རེས་བདེ་སྐྱིད་གླིང་། ཐང་ཁྲོན་གྲོང་རྡལ་ཧྲན་ཁྲེང་གྲོང་ཚོའི་ལོ་ན་རྒན་པའི་ཁྱིམ་དུ་འཚམས་འདྲི་གནང་བར་ཕེབས་པ་དང་། ཁོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ལོ་ན་རྒན་པ་ཚོར་བྱམས་བརྩེའི་འཚམས་འདྲི་དང་དུས་ཆེན་ལ་བཀྲ་ཤིས་སྨོན་འདུན་ཞུས་པ་རེད། 

ཡན་ཅིན་ཧའེ་ཡིས་ལོ་ན་རྒན་པ་ནི་སྤྱི་ཚོགས་ཀྱི་གཅེས་ནོར་དང་། རྒན་གཅེས་རྒན་བཀུར་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཡིན་ལ། ལོ་ན་རྒན་པར་གཅེས་སྐྱོང་བྱེད་པ་ནི་ཏང་གི་སྲོལ་རྒྱུན་བཟང་པོ་ཞིག་ཀྱང་ཡིན་ལ། ལོ་ན་རྒན་པའི་བདེ་སྐྱིད་ཀྱི་ཚད་གྲངས་ནི་སྤྱི་ཚོགས་དཔལ་ཡོན་ལྡན་པའི་མཚོན་རྟགས་གལ་ཆེན་ཡིན། བགྲེས་སོང་ལ་བདག་སྐྱོང་ཡོད་པ་དང་། སྨན་བཅོས་ཡོད་པ།  སློབ་སྦྱོང་འདོད་པ། དགའ་ཕྱོགས་ཡོད་པ་སོགས་ཀྱིས་ཏང་ཀྲུང་དབྱང་གིས་ལོ་ན་རྒན་པར་བཅངས་པའི་ཐུགས་ཁུར་ཟབ་མོ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་མཚོན་ཡོད་ཟེར། ཁོང་གིས་ལོ་ན་རྒན་པའི་བྱ་གཞག་ནི་རྒྱལ་ཇུས་དམངས་འཚོའི་འབྲེལ་ཡོད་བྱ་གཞག་གལ་ཆེན་ཞིག་ཡིན་པས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཧུར་ཐག་གིས་ལོ་ན་རྒན་པའི་མི་འབོར་འཕེལ་ཕྱོགས་ལ་ཁ་གཏད་དེ། རྒན་གཅེས། རྒན་བཀུར་བཅས་ཀྱི་སྲིད་ཇུས་མ་ལག་དང་སྤྱི་ཚོགས་ཁོར་ཡུག་བསྐྲུན་ནས། བགྲེས་སོང་བྱ་གཞག་དང་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཧུར་ཐག་གིས་རྒན་གཅེས་རྒན་བཀུར་གྱི་སྤྱོད་བཟང་དར་སྤེལ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་རྒན་གཅེས་དང་། རྒན་བཀུར། རྒན་བརྩེ། རྒན་སྐྱོར་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ཏུ་བཅུག་ནས་ལོ་ན་རྒན་པར་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སྤྱོད་བྱེད་ཏུ་འཇུག་དགོས་ཞེས་གསུངས་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།