མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཚན་རིག་བྱང་ཚད་འགུལ་སྐྱོད་འཆར་གཞི་རྩ་གནད་ཀྱི་ཆེད་དོན་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཚན་རིག་བྱང་ཚད་འགུལ་སྐྱོད་འཆར་གཞི་རྩ་གནད་ཀྱི་ཆེད་དོན་བྱ་བའི་གྲོས་ཚོགས་ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་རྒྱལ་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད་ལག་བསྟར་བྱ་བའི་དཔྱད་འཇོག་ཞིབ་བཤེར་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་ལ་ཞིབ་བཤེར་དཔྱད་འཇོག་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞོ་ཡིས་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་འགོ་མཛིན་བྱས།

མཱ་ཅི་ཞོ་ཡིས་མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོ་འགའི་རིང་ལ་རྩ་གནད་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། དམངས་ཡོངས་ཚན་རིག་བྱང་ཚད་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བྱ་བའི་ཕན་འབྲས་མཐོར་འདེགས་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། བརྗོད་དོན་གསལ་བའི་ཚན་རྩལ་ཁྱབ་གདལ་བྱ་འགུལ་བརྟན་བརླིང་ངང་སྤེལ་བ། སྤྱི་ཚོགས་ཡོངས་བྱ་འགུལ་ཁྲོད་ཞུགས་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་སྐྲུན་དགོས། མི་དམངས་ཀྱི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བར་དམིགས་ནས། མི་ཚོགས་གཙོ་བོའི་ཚན་རིག་བྱང་ཚད་འགུལ་སྐྱོད་ལག་བསྟར་བྱས་ཏེ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་དང་སྤུས་ཚད་མཐོར་འདེགས་གཏོང་བར་སྣེ་ཁྲིད་བྱེད་དགོས། ཉམས་ཞན་སར་དམ་འཛིན་བྱེད་པ་དང་། ཚན་རྩལ་ཁྱབ་གདལ་སྤྱི་ཐུན་ཞབས་ཞུའི་ནུས་པ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། མི་དམངས་ཀྱིས་སྤུས་ཚད་ལེགས་པའི་ཚན་རྩལ་ཁྱབ་གདལ་སྤྱི་ཐུན་ཞབས་ཞུ་གྲུབ་འབྲས་ལོངས་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ཚན་རྩལ་ཁྱབ་གདལ་ཐད་ཀྱི་ཤེས་ལྡན་མི་སྣ་འཛུགས་སྐྲུན་དང་ཚན་རྩལ་ཁྱབ་གདལ་ཆ་འཕྲིན་ཅན་འཛུགས་སྐྲུན་གཉིས་གཙོ་གནད་དུ་བྱས་ནས། ཚན་རྩལ་ཁྱབ་གདལ་སྤྱི་ཐུན་ཞབས་ཞུའི་ནུས་པ་འཛུགས་སྐྲུན་བྱེད་པ་དང་། མང་ཚོགས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་བསྣན་ནས། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། མ་དངུལ་གཏོང་ཚད་ཆེ་རུ་བཏང་སྟེ། མཁོ་འདོན་ལ་འགན་སྲུང་བྱེད་དགོས། འགན་འཁྲི་བགོ་བཤའ་བྱས་ནས། ཞིབ་བཤེར་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲང་ལིས་ཀྱིས་ཞིང་ཆེན་ཡོངས་ཀྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་འགུལ་སྐྱོད་འཆར་གཞིའི་རྩ་གནད་ལག་བསྟར་བྱ་བར་དམ་འཛིན་བྱེད་པའི་ཐད་ནས་རེ་བ་བཏོན། ཁོ་མོས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་སྡེ་ཁག་སོ་སོས་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དམངས་ཡོངས་ཚན་རིག་བྱང་ཚད་རྩ་གནད་བྱ་བའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། ཚད་གཞི་ལ་དཔེ་ལྟ་བྱེད་པ་དང་། རྨང་གཞིའི་འགན་སྲུང་ལ་ཤུགས་བསྣན་ནས་སྐུལ་འདེད་གཏོང་བར་དམ་འཛིན་བྱེད་དགོས། ཞན་ཆ་ཁ་གསབ་བྱེད་པ་དང་། ལྟ་ཞིབ་དཔྱད་ཞིབ་ལ་ཤུགས་སྣོན་པ་དང་ལག་བསྟར་དམ་འཛིན་བྱས་ཏེ། དམིགས་འབེན་མངོན་འགྱུར་བྱེད་པ་དང་ལས་འགན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།